༄༅། ། བོན་བསྟན་བྱུང་འཕེལ་ཉུང་བསྡུས།
༄༅། །དེ་ཡང་བདག་ཅག་གི་སྟོན་པ་རྣམ་མཁྱེན་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་འོག་མིན་གྱི་གནས་སུ་མངོན་པར་སངས་རྒྱས་ཏེ་གདུལ་དཀའ་འདུལ་ཕྱིར་གཟིགས་དགོངས་ཚད་ལྔས་རྟག་གཟིགས་འོལ་མོ་ལུང་རིང་གི་ཞིང་ཁམས་སུ་ལོ་རྒྱལ་ཤིང་ཕོ་བྱི་བའི་དཔྱིད་ར་སྟག་ཟླའི་ཚེས་བཅོ་ལྔའི་ནམ་ལངས་རྒྱལ་གྱི་རུ་གོང་ལ་སྐུ་འཁྲུངས། དེ་ནས་ཡབ་ཀྱིས་རྒྱལ་སར་མངའ་གསོལ་ནས་གཤེན་ལོ་གཅིག་བཞེས་སྐབས་རིག་པའི་གནས་ཆེན་ལྔ་ལས་ཐོག་མར་བཟོ་ཡི་རིག་པ་གཏན་ལ་ཕབ་སྟེ་སློབ་མ་འཛམ་གླིང་མཛེས་པའི་རྒྱན་དྲུག་བྱུང༌། ཡི་གེར་མཁས་པ་ཡིག་ལྷ་འཕྲུལ་བུ་ལ་འཕྲུལ་ཡིག་བཞི་བཅུའི་རྣམ་དབྱེ་རྒྱས་པར་བསྟན་ཏེ་ཡི་གེའི་བྱུང་ཁུངས་ཐོག་མ་དེ་ནས་བྱུང་བ་ཡིན། གཡུང་དྲུང་དགུ་བརྩེགས་རིའི་རྩེ་མོར་སྲིད་པའི་ཐུགས་སྤྲུལ་བྱ་ཁྱུང་ཀ་རུ་ཊ་ལ་སྐུ་བརྟེན་ནས་སྐད་རིགས་སུམ་བརྒྱ་དྲུག་ཅུའི་སྒྲ་སྐད་བསྒྱུར། སྒྲ་རིག་ཚད་མའི་མདོ་འབུམ་གཏན་ལ་ཕབ། རྨ་ལོ་གཡུ་ལོ་གཉིས་ལ་གཏད། མུ་ཁྱུད་བདལ་བའི་མཚོ་གླིང་གསས་ཁང་དཀར་ནག་བཀྲ་གསལ་དུ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་ཡོན་བདག་བྱས། གཏད་གཉེར་སློབ་མ་རྣམས་ཀྱིས་བཀའ་རྣམས་སོ་སོར་བསྡུས་ནས་སྒོ་བཞི་མཛོད་ལྔའི་གླེགས་བམ་ཁྲི་དང་འབུམ་དུ་བྲིས་ཏེ་མ་འོངས་བསྟན་པ་རྗེས་བཞག་མཛད། བཀའ་འཁོར་ཐོག་མཐའ་བར་གསུམ་དུ་བསྐོར་ཏེ་དང་པོ་ཐེག་པ་རིམ་དགུ། བར་བ་སྒོ་བཞི་མཛོད་ལྔ། ཐ་མ་ཕྱི་ནང་གསང་གསུམ་སོགས་བོན་སྒོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས། སྟོན་པ་མྱ་ངན་ལས་འདས་ནས་སྐུ་ཡི་འདུལ་བསྟན་རྫོགས་པའི་རྟིང་དུ་རྒྱལ་ཚབ་གསུང་གི་སྟོན་པ་མུ་ཆོ་ལྡེམ་དྲུག་བྱོན་ནས་དཀར་ནག་བཀྲ་གསལ་དུ་རྗེས་བཞག་གསུང་རབ་རྣམས་ཀློག་བཤད་བཀའ་ཡི་འཁོར་ལོ་ལོ་གསུམ་བསྐོར། བཀའ་དང་བཀའ་བརྟེན་གྱི་བོན་གྱི་ཤན་འབྱེད། སློབ་མ་འཛམ་གླིང་མཁས་པའི་རྒྱན་དྲུག་བྱུང༌། མང་འབྲེལ་སློབ་མ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས་འཛམ་གླིང་ཡུལ་ཆེན་བཅོ་བརྒྱད་དང་ཡུལ་གྲུ་ཀུན་ལ་སོ་སོའི་སྒྲ་སྐད་དང་བསྟུན་ནས་རྒྱུ་འབྲས་ཐེག་པའི་བོན་སྒོ་ཕྱོགས་བཅུ་ཀུན་ཏུ་དར་བར་བྱས། ཁྱད་པར་དུ་བོད་དང་ཞང་ཞུང་གི་ཞིང་ཁམས་སུ་བསྟན་འཛིན་མཁས་གྲུབ་བརྒྱད་ཅུ་དང༌། དེ་ལས་རིག་འཛིན་ལོ་པཎ་གཤེན་བརྒྱད། སྒྲ་བསྒྱུར་མཁས་པ་མི་བཞི་སོགས་བྱོན་ཏེ་ཐེག་པ་རིམ་དགུའི་བོན་རྣམས་བོད་སྐད་དུ་བསྒྱུར་ཅིང་བརྡ་སྤྲོད་སྒྲ་ཡི་བསྟན་བཅོས་མང་དུ་མཛད། དེ་ཡང་རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོས་རྟག་གཟིགས་སྤུངས་ཡིག་ཆེ་ཆུང་དུ་གསུངས། དེ་ལ་ཞང་ཞུང་གི་ལོ་ཙཱ་བ་རྣམས་ཀྱིས་སྨར་ཡིག་ཆེ་ཆུང་དུ་བསྒྱུར། བོད་ཀྱི་མཁས་པ་རྣམས་ཀྱིས་བོད་ཡིག་རྫབ་གཤར་དཀར་ནག་ཏུ་བསྒྱུར་ཏེ་ངོ་བོ་འཕྲུལ་ཆེན་ཡི་གེ་བཞི་བཅུ་ལས་མ་འདས་སོ།
༢༠༠༨ལོའི༼དཔྱོད་ལྡན་མཆོད་པའི་མེ་ཏོག༽དེབ་ཕྲེང ༥ བ་ལས། |



