སློབ་དཔོན་ཐོན་མིའི་སུམ་ཅུ་བའི་མཆོད་བརྗོད་གསུམ་པར་དཔྱད་པ།
༄༅། ། སུམ་ཅུ་བའི་མཆོད་བརྗོད་གསུམ་པར“གང་གིས་མིང་གཞི་སྔོན་གསུངས་པ།། རྟག་ཞི་བ་ལ་ཕྱག་འཚལ་ལོ།།”ཞེས་པའི་རྟག་ཞི་བ་དེ་སུམ་ཅུ་བའི་འགྲེལ་བ་མང་ཆེ་བ་རྣམས་སུ། སངས་རྒྱས་དང་སྤྱན་རས་གཟིགས། འཇམ་དབྱངས། དབང་ཕྱུག ཁྱབ་འཇུག ཚངས་པ་སོགས་སུ་ངོས་འཛིན་བྱས་ཡོད་ལ། དེ་རྣམས་རེ་རེ་བཞིན་དུའང་སྣར་ལོ་དགེ་དཔལ། པཎ་ཆེན་བྱམས་གླིང་བ། རྗེ་ཟུར་མཁར་བ། རབ་འབྱམས་ཆོས་རྒྱལ། སྨན་ལུང་བ། རྣམ་གླིང་པཎ་ཆེན། རྡོ་རིང་པཎྚྀ་ཏ་སོགས་ཀྱི་འགྲེལ་བར་རྟག་ཞི་བ་དེ་སྤྱན་རས་གཟིགས་ལ་བཞེད་པ་དང། ལོ་ཆེན་ནམ་བཟང༌། དགེ་ཡེ་ཚུལ་སེང༌། འོལ་བ་རབ་འབྱམས་པ། གཏིང་སྐྱེས་བློ་ཆོས། དཀར་ལེབས་དྲུང་ཡིག་སོགས་ཀྱི་འགྲེལ་བར་རྟག་ཞི་བ་ལྷ་ཚངས་པར་བཞེད་པ་དང༌། མཁན་པོ་རིན་ཆེན་ཏོག་ནི་ཕྱི་རོལ་བའི་ལྷ་རྟག་ཞི་བ་ཞེས་པ་ཞིག་ལ་བཞེད། ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་བོ་ནི་ཕྱི་ནང་གི་ལྷ་འདི་ཞེས་གསལ་ཁ་མེད་པར་རྟག་ཞི་བ་ཞེས་པ་ཞིག་ལ་བཞེད། ཞ་ལུ་བ་ཆོས་ལེགས་ཀྱིས་ཁྱབ་འཇུག་ཏུ་བཞེད། སི་ཏུ་པཎ་ཆེན་དང་རྗེ་དངུལ་ཆུ་བ། ལྷག་བསམ་པ། གསེར་ཏོག་བློ་བཟང་ཚུལ་རྒྱམ་སོགས་ཀྱིས་ཕྱི་རོལ་བའི་ལྷ་དྲག་པོ་དབང་ཕྱུག་ཆེན་པོར་བཞེད། དམུ་དགེ་བསམ་གཏན་སོགས་ཀྱིས་ཚངས་པ་དང་ཁྱབ་འཇུག་གཉིས་ཀར་ངོས་འཛིན་པ་སོགས་སོ་སོའི་དགོངས་བཞེད་ཕྱོགས་གཅིག་ཏུ་མི་འབབ་པ་ཞིག་ཏུ་གྱུར་ཡོད་སྟབས། བོད་ཕྱི་རབས་པ་རྣམས་ཀྱིས་ཧ་ཅང་དཔྱད་གཞི་ཆེ་སྙམ། |

