|
ད་ལྟའི་ཁུ་ནུའི་ཡུལ་ཁམས་འདི"ཐོ་ཤང་པ"དང"ཡོ་ཤང་པ"ཞེས"ཡུལ་སྟོད་"དང"ཡུལ་སྨད"གཉིས་སུ་ཕྱེས་ཡོད། ཁུ་ནུའི་སྐད་དུ"ཐོ་ཤང་པ"དང"ཡོ་ཤང་པ"ཞེས་པའི"ཤང"འདི"ཡུལ"ལ་འཇུག་པར་སྐད། ཞང་ཞུང་སྐད་དུའང་ཡུལ་གྱི་མིང་དོད་ལ་"ཞང་"ཟེར། དེས་ན"ཞང་ཞུང"ཞེས་པའི་མིང་ཚིག་དེའང"ཞང་"ནི"ཡུལ"ལམ་"ལུང་པ།" "ཞུང"ནི"ཞུང་ཞག"སྟེ"ཁྱུང"གི་མིང་ཡིན་པས། "ཞང་ཞུང"ནི"ཁྱུང་ཡུལ"ལམ"ཁྱུང་ལུང"དུ་གོ་བས་མ་ཚད། "ཞང་ཞུང"ཞེས་པའི་མིང་འདི་ནུབ་ཤུལ་དུའང་བོད་སྐད"ཁྱུང་ལུང"ཞེས་པ་འདི་ཉིད་ལྷག་ཡོད་པས་ཀྱང་ཤེས། བསམ་དགོས་པ་ཞིག་ལ་ཁུ་ནུའི་སྐད་ཐོག་ནས་ཞང་ཞུང་གི་མིང་ཚིག་རྣམས་ལ་གོ་དོན་དཀྲོལ་ཐུབ་ན། ཞང་ཞུང་གི་སྐད་ཐོག་ནས་ཁུ་ནུ་བའི་མིང་ཚིག་དག་གི་གོ་དོན་ཡང་ཅི་ལ་ལེན་མི་ནུས་སྙམ་པའི་ཤུགས་ལ་ཁོ་བོས་བསམ་ཞིབ་བྱེད་མྱོང་བའི་མིང་ཚིག་རྣམས་ལས་གཅིག་འདིར་གླེང་རྒྱུ་ཡིན།
ད་ལྟ་ཁུ་ནུ་བ་རྣམས་ལ་རང་སྐད་དུ་"ནེ་གྷི་"ཟེར། ལ་ལས་འདི་ཉིད་རྒྱ་གར་གྱི་སྐད་དུ་བསམ་ནས"བཟང་པོ"ཞེས་པའི་དོན་ལ་འགྲེལ་གྱིན་སྣང༌། འོན་ཀྱང"ནེ་གྷི"ནི་ཁུ་ནུའི་མིང་སྐད་ཡིན་པས་ཅིས་ཀྱང"ཁུ་ནུ"ཞེས་པའི་མིང་དང་འབྲེལ་དགོས་པར་མཐོང༌། དེས་ན"ཁུ་ནུ"ནི་ལེགས་སྦྱར་གྱི་སྐད་"ཀིནྣར"ཞེས་པའི་སྒྲ་ཟུར་ཉམས་པ་ལས་བྱུང་ཞིང༌། "ཀིནྣར"ནི"མིའམ་ཅི"ཡི་སྐད་དོད་ཡིན་པས། དངོས་བདེན་དུའང་ཟ་མ་ཏོག་བཀོད་པར་བྱུང་བའི་མིའམ་ཅི་ཡུལ་གྱི་ཆུ་བོ་ཆེན་པོ་ཙན་དྲ་བྷ་ག་སོགས་ཀྱང་ད་ལྟའི་ཁུ་ནུའི་རྒྱུད་དུ་ཡོད་པས་མ་ཚད། ཡིད་འཕྲོག་མའི་རྟོགས་བརྗོད་དུ་མིའམ་ཅི་ཡུལ་གྱི་ལམ་བཤད་པ་དེའང་ཡུལ་འདི་ལ་བསམ་པ་ལྟར་ཡོད་པ་སོགས་དགེ་ཆོས་ཀྱིས་གསུངས་༩པ་ལྟར་དུ་མིང་དོན་གཉིས་ཐོག་ནས་འབྲེལ་བ་ཆེན་པོར་གྱུར་ཡོད། འོ་ན"ནེ་གྷི"ཞེས་པ་འདི་ཉིད"ཁུ་ནུ"འམ"མིའམ་ཅི"དང་འབྲེལ་བར་གྱུར་ཏམ་ཞེ་ན། ཡུལ་འདི་ཉིད་སྔ་དུས་ཞང་ཞུང་གི་ཡུལ་ཁམས་སུ་གཏོགས་པ་བཞིན། གཤེན་རབ་ཀྱི་རྣམ་ཐར་རྒྱས་པའི་ནང༌། "ནེ་གུ༷་ཕྱྭ་སངས་ཡུལ་དང༌། དཀར་ཤ་ཀའི་ཡུལ།"༡༠ཞེས་བྱུང་བ་ལ་དཔྱད་ན་མིང་སྐད་རྙིང་པ་ཡིན་པར་ཐེ་ཚོམ་མེད། ད་དུང་ཞང་ཞུང་གི་འདུལ་རྒྱུད་ཐོག་མ"ཞང་ཞུང་པ་ནེ་གུ་གེ་ཁོད་དཔལ"༡༡དང༌། རྫོགས་ཆེན་ཨ་ཁྲིད་ཀྱི"བླ་མ་ནེ་གུ" ༡༢དང༌། ཁྲི་སྲོང་གི་སྐུ་གཤེན"སྤེ་ནེ་གུ"༡༣ བྱ་བ་སོགས་དང་བསྡུར་ན་ཞང་ཞུང་གི་བོན་དང་འབྲེལ་བ་ཆེ་བར་མཐོང༌། དེས་ན་འདིར་ཡང་མིང་སྐད་འདི་ཉིད་ཞང་སྐད་ཅིག་མིན་ནམ་སྙམ་པའི་དོགས་དཔྱད་ཀྱི་སྒོ་ནས་བོན་གཞུང་རྣམས་ལ་ཡང་ཡང་དཔྱད་འབྲས་སུ། མཐའ་མ་དེར་ཞང་ཞུང་གི་སྐད་ལས"མི་འམ་ཅི"ཡི་མིང་དོད་ལ"ནེ་ཁུ"༡༤ཞེས་སུ་ཡོང་བ་གསལ་པོར་རྙེད་པས། "ནེ་གྷི"དང"ནེ་གུ"གཉིས་ནི་"ནེ་ཁུ"ཞེས་པའི་སྒྲ་ཟུར་རིམ་ཉམས་ལས་ཆགས་པ་ཙམ་མ་གཏོགས། དོན་དུ་ཞང་ཞུང་སྐད"ནེ་ཁུ"ལས"ནེ་གྷི"དང༌། ལེགས་སྦྱར་སྐད"ཀིནྣར"ལས"ཁུ་ནུ"ཟུར་ཆག་པ་སྟེ། གཉིས་ཀ་དངོས་འབྲེལ་དུ"མིའམ་ཅི"ཞེས་པའི་མིང་དོད་ཡིན་པར་ཡུལ་གྱི་གནས་བབས་དང༌། དེར་དར་མྱོང་བའི་སྐད་རིག་གཉིས་ཀའི་འགྲོས་ལས་ཀྱང་ངེས་ཤེས་སྐྱེས་པར་གྱུར་པས་སོ། །གཞན་ཡང"ཁུ་ནུ"འདི་ཉིད"མིའམ་ཅི"ཡིན་མིན་གྱི་རིགས་པ་སྟེ། "མིའམ་ཅི་ལྗོན་པ་རྟ་མགོ་ཅན"དང་འབྲེལ་བའི་ཁུ་ནུའི་རིག་གཞུང་ངམ་གོམས་གཤིས་ཆས་སྤྱོད་ཀྱང་གླེང་རྒྱུ་མང་ཡང་གནས་སྐབས་དེ་ཙམ་གྱིས་འཐུས་པར་བྱས་སོ། །
འགའ་ཞིག་གིས"ཁུ་ནུ"ནི"ཁུ་མའུན"ཞེས་པའི་སྒྲ་ལས་བྱུང་བར་བཤད་འདུག་ཀྱང༌། "ཁུ་མའུན"ནི་བོད་ཀྱི་ལོ་རྒྱུས་དུ་མར་གསལ་བའི"སྐལ་མོན"ཞེས་པ་དེ་ཉིད་ལགས་པས། "ཁུ་ནུ"དང་མི་རིགས་ཀྱང་མི་གཅིག་སྟེ། བོན་གཞུང་དུ་གསལ་བའི"སྐལ་མོན"༡༥ནི་མངའ་རིས་ཀྱི་བྱང་ཕྱོགས་སུ་སྡོད་པའི་མི་རིགས་དུས་རབས་དགུ་པའི་ནང་ཧོར་གྱིས་ཡུལ་བཏོན་ནས་མངའ་རིས་ཀྱི་ལྷོ་རུ་སླེབས་པ་རྣམས་ལས། སྐ༷ལ་གྱི་རི་བོ་བཞི་དང༌། མོན་གྱི་སྟོང་སྡེ་བཅུ་གསུམ་གྱི་མི་རིགས་འཛོམས་པས"སྐལ་མོན" ༡༦ཞེས་བྱུང་བར༼མར་ལུང་རྣམ་ཐར༽ལས་གསུངས་པ་ལྟར་རོ། །
སྔར་གཤེན་རབ་མི་བོའི་དུས་ནས་ཀྱང་ཡོད་པར་གྲགས་༡༧པའི་མཆོད་འབུལ་གྱི་གར་རྩེད་སྟེ། ཞང་ཞུང་པས"ཤོན"ཟེར་བ་དེ་ལའང་ཁུ་ནུ་བས་ཀྱང་དེ་མཚུངས་སུ་འབོད་ཅིང༌། ཤོན་དཔོན་གྱིས་གཡག་རྔ་དཀར་པོ་ཞིག་ཐོགས་ནས། དེ་བྱིངས་རྣམས་ཕན་ཚུན་གཡུང་དྲུང་ལག་སྦྲེལ་དུ་བསྟུད་པའི་མོད་སྐོར་བའང་བོན་སྐོར་དུ་བསྒྱུར་བར་བརྟེན༼བཀའ་ཐང་སྡེ་ལྔ༽སོགས་སུ"གཡུང་དྲུང་ཤོན་རྩེད"༡༨ དུ་གྲགས་པའི་ཐུན་མིན་ཞང་ཞུང་གི་མཆོད་གར་འདི་ཡང་ཁུ་ནུའི་ཕྱོགས་སུ་དེང་དུས་ཀྱང་ལུགས་མཐུན་གྲ་རྒྱས་སུ་རྩེད་བཞིན་ཡོད་པས། རྒྱས་པར་བདག་གིས་བྲིས་པའི༼གཡུང་དྲུང་ཤོན་རྩེད༽༡༩ཅེས་པར་གཟིགས་ན་གར་མཆོད་འདི་དང་འབྲེལ་བའི་ཁུ་ནུ་དང་ཞང་ཞུང་དབར་གྱི་ཐུན་མོང་གི་སྐད་དང་རིག་གཞུང་ཡང་མོད་པོར་རྟོགས་པའི་རེ་བ་ཆེ།
དེ་ལྟར་ཞང་ཞུང་གི་སྐད་འདི་དངོས་བདེན་དུ་བྱུང་བ་ཙམ་དུ་མ་ཟད། མཁས་གྲུབ་ཆེན་པོ་ལོ་ཙཱ་བ་རིན་ཆེན་བཟང་པོས་ཀྱང་པུ་ཏྲའི་སྔགས་རྣམས་ཞང་ཞུང་གི་སྐད་དུ་བསྒྱུར་མྱོང་བ༢༠༼ས་སྐྱའི་མགོན་པོའི་ཆོས་འབྱུང་༽ལས་བཤད་ཅིང༌། དེ་བཞིན་དུས་ཕྱིས་ཀྱི་མཁས་གྲུབ་ཆེན་པོ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་ཞབས་ཀྱིས་ཀྱང་སྨན་གཞུང་དུ་གསལ་བའི་ལྡུམ་སྨན་རེ་འགའི་མིང་རྣམས་ཞང་ཞུང་གི་སྐད་ཡིན་པར་ངོས་འཛིན་མཛད་༢༡འདུག་པ་དེ་གཉིས་ནི། ཁུ་ནུའི་ཡུལ་དང་འབྲེལ་བ་ཤིན་ཏུ་ཆེ་བའི་དོན་ལྡན་གྱི་མཁས་པ་གཉིས་ཀྱིས་ཞང་ཞུང་གི་སྐད་ཡིག་ལ་ངོས་འཛིན་ཡང་དག་གནང་བའི་གཏམ་ཞིག་ཡིན་པས་འདིར་གླེང་དགོས་པའང་དེ་བས་ཀྱང་གལ་འགངས་ཆེ་བའི་གནས་སུ་མཐོང་ངོ༌། །
ད་དུང་སྐད་ཡིག་ཙམ་དུ་མ་ཟད་གོས་རྒྱན་དང༌། "མགོ་ལ་མེ་ཏོག་ཙམ་པ་ཀའི་འཕྲེང་བའི་རྒྱན་འདོགས"༢༢བྱེད་པ་སོགས་ཀྱིས་མཚོན་རྟེན་འབྲེལ་གྱི་ལག་ལེན་མང་པོ་ཞིག་ཀྱང་གནའ་རབས་ཞང་ཞུང་གི་རིག་གཞུང་ཉམས་མེད་དུ་སྤྱོད་པ་གླེང་རྒྱུར་མང་ཙམ་མངོན་ཡང༌། ད་ལམ་དགོས་དམིགས་ལ་བརྟེན་ནས་འདི་ཙམ་གྱིས་
|