
༼ཚེ་རིང་ཐར། 才让太 ༽
གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོའི་བཀའི་གསུང་རབ་རྣམས་ཞང་སྐད་ནས་བོད་ཡིག་ཏུ་བསྒྱུར་ཞིང་དེ་ཕྱོགས་གཅིག་ཏུ་བསྡུས་པ་ལ་བཀའ་འགྱུར་ཞེས་ཟེར་བ་དང་། དེ་ལ་བརྟེན་ནས་བྱུང་བའམ་དེའི་དགོངས་སྙིང་རྣམ་པར་བཀྲལ་བའི་བསྟན་བཅོས་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ལ་བརྟེན་འགྱུར་ཞེས་ཟེར། ཡིན་ན་ཡང་། ཕྱི་མ་དེ་དོན་ཐོག་ཏུ་ཕལ་ཆེར་བོད་ཀྱི་མཁས་པ་རྣམས་ཀྱིས་གསུངས་པ་ཡིན་པས་འགྱུར་ཏུ་མི་འགྲོ་བའི་རྐྱེན་གྱིས་དེང་རབས་ཀྱི་མཁས་པ་ཆེན་པོ་མཁར་རྨེའུ་བསམ་གཏན་མཆོག་གིས་དེ་ལ་བཀའ་བརྟེན་ཟེར་ན་དོན་ཏུ་འཁེལ་བར་གསུངས། བོན་པོ་རྣམས་ལྟར་ན། སྟོན་པ་གཤེན་རབ་ཀྱི་དངོས་སློབ་མུ་ཆོ་ལྡེམ་དྲུག་གི་རིང་ནས་བཟུང་བརྟེན་འགྱུར་ཟེར་བའི་བསྟན་བཅོས་བཞུགས་ཡོད་པ་མ་ཟད། སྟག་གཟིག་མཁས་པ་དམུ་ཙ་ཏ་ཧེ་དང་། ཞང་ཞུང་མཁས་པ་ཁྲི་ཐོག་སྤར་ཙ། བོད་ཀྱི་མཁས་པ་ཤ་རུ་དབུ་ཅན། རྒྱ་གར་མཁས་པ་ལྷ་བདག་སྔགས་གྲོལ། རྒྱ་ནག་མཁས་པ་ལེགས་ཏང་རྨང་པོ་དང་ཕྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས་སོགས་ཀྱིས་བསྟན་བཅོས་དེ་དག་སོ་སོའི་སྐད་དུ་བསྒྱུར་ཞིང་རང་རང་གི་ཡུལ་ཏུ་སྤེལ་བར་གྲགས། ཡུལ་དེ་དག་ལས་ཞང་ཞུང་དང་བོད་ནི་སྟོན་པས་ཞབས་ཀྱིས་བཅགས་པའི་ཡུལ་ཡིན་པས་བོན་གྱི་བསྟན་པ་ཡུལ་གཞན་ལས་དར་ཆེ་བར་ཡང་བཤད། བོད་ཀྱི་བཙན་པོ་བརྒྱད་པ་གྲི་གུམ་བཙན་པོས་ལྷ་བོན་སྒོ་བཞི་མ་གཏོགས་པའི་བོན་ཐམས་ཅད་བསྣུབས་པས་བོན་གྱི་བསྟན་བཅོས་མང་པོ་བརླགས་ཟེར། དེའི་སྔོན་ལ་བོན་གྱི་བསྟན་པ་སྔ་དར་ཟེར།
བོན་པོ་རྣམས་ཀྱིས་ཕྱིས་སུ་དུས་རབས་བཅུ་གཅིག་པའི་ནང་དུ་གཏེར་སྟོན་གཤེན་ཆེན་ཀླུ་དགས་ལྷོ་འབྲི་མཚམས་མཐའ་དཀར་ནས་བཏོན་པའི་ལྷོ་གཏེར་དུ་གྲགས་པའི་བསྟན་བཅོས་དེ་རྣམས་གྲི་གུམ་གྱིས་བོན་བསྣུབས་པའི་སྐབས་སུ་གཏེར་དུ་སོང་བ་ཡིན་པར་འདོད། དེར་བརྟེན་ནས་བོན་གྱི་ལོ་རྒྱུས་ཁ་ཤས་སུ་གཤེན་ཆེན་ཀླུ་དགས་གཏེར་ནས་དྲངས་པའི་ལྷོ་གཏེར་དེ་བསྟན་པ་ཕྱི་དར་གྱི་དབུ་ཚུགས་པའི་མཚོན་རྟགས་སུ་ངོས་བཟུང་བ་དང་། བོན་གྱི་ལོ་རྒྱུས་སྟེང་གི་གཏེར་གྱི་ཁ་བྱང་ཨང་དང་པོའང་དེ་ལས་གྲུབ་ཟེར། ཡིན་ན་ཡང་། དོན་དངོས་སུ་གཤེན་ཆེན་གྱི་ཡར་སྔོན་དུ་གཏེར་སྟོན་བཅོ་ལྔ་བྱུང་མྱོང་བ་མ་ཟད་གཏེར་གྱི་བསྟན་བཅོས་ཀྱི་གྲངས་ཀ་ཡང་སུམ་བརྒྱ་དང་བཞི་བཅུ་ལྷག་བྱུང་ཡོད་པར་བཤད། གལ་ཏེ་གྲངས་ཀ་དེར་ཡིད་རྟོན་ཆོག་ན་གཤེན་ཆེན་ཀླུ་དགའི་ཡར་སྔོན་དུ་བོན་པོའི་གཏེར་གྱི་བསྟན་བཅོས་མང་པོ་བྱུང་ཡོད་པ་མངོན། གང་ལྟར་ཀྱང་བོན་གྱི་གཏེར་མ་ལ་གཙོ་བོ་ལྔ་སྟེ་བྱང་གཏེར་དང་། ལྷོ་གཏེར། དབུས་གཏེར། ཁམས་གཏེར། གཏེར་གསར་བཅས་སོ།། དེའི་སྐོར་ལ་ཆེད་དུ་དཔྱད་པ་བཏང་ཡོད་པས་འདིར་སྐྱར་དུ་བཟླ་བའི་དགོས་པ་མ་མཆིས། བོན་གྱི་བསྟན་བཅོས་ལ་དགར་སྟངས་མི་འདྲ་བ་བཅུ་གསུམ་ཡོད་པར་གྲགས་མོད། ཡོངས་གྲགས་ལྟར་ན་ཐེག་པ་རིམ་དགུ་དང་། སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ། མདོ་སྔགས་རྫོགས་གསུམ། མདོ་འབུམ་སྔགས་སེམས་བཅས་ལྟར་དགར་ཆོག ད་ཡོད་ཀྱི་བོན་གྱི་བཀའ་འགྱུར་ཁྲོ་སྐྱབས་པར་མ་དང་། ཆུ་ཆེན་པར་མ། དབལ་ཁྱུང་བྲིས་མ་བཅས་ནི་མདོ་འབུམ་སྔགས་སེམས་བཞིར་ཕྱེས་ནས་བསྒྲིགས་ཡོད།
དུས་རབས་བཅུ་གཅིག་པའི་དུས་སུ་གཤེན་ཆེན་ཀླུ་དགས་ཁོང་གི་གཏེར་གྱི་ཐོ་ཡིག་སློབ་མ་རྣམས་ལ་སྤེལ་བར་གྲགས་པ་དེ་བོན་ལུགས་བསྟན་བཅོས་ཀྱི་དཀར་ཆག་ཐོག་མ་ཡིན་དགོས། དེའི་ཕྱིས་སུ་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྲིགས་པའི་གཏེར་གྱི་ཁ་བྱང་དེ་ཀུན་གྱི་མཐོང་ལམ་དུ་གྱུར་ཡོད་པ་དེ་རེད། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྲིགས་པའི་གཏེར་གྱི་ཁ་བྱང་ནི་བོན་གྱི་བསྟན་བཅོས་ཀྱི་དཀར་ཆག་ཐོག་མ་ཡིན་པ་འདྲ། དེའི་རྗེས་སུ་བོན་གྱི་བཀའ་འགྱུར་བྱུང་། དེ་བྱུང་བའི་ལོ་ཚིགས་གསལ་བོ་གང་ཡིན་མི་ཤེས་མོད་བོན་གྱི་མཁས་དབང་ཕེར་ཁི་ཝེར་ནེ་མཆོག་གིས་དུས་རབས་བཅོ་ལྔ་བའི་དུས་དཀྱིལ་དུ་བྱུང་བར་བཞེད། དེ་ནས་བཟུང་། བོན་པོ་རྣམས་ཀྱིས་བོན་གྱི་བསྟན་བཅོས་རྣམས་བཀའ་འགྱུར་དང་བརྟེན་འགྱུར་གྱི་སྒྲིག་སྟངས་ལྟར་ཕྱོགས་སྒྲིག་བྱས་པ་མ་ཟད་འགྲོ་གྲོན་རྒྱ་ཆེན་པོ་བཏང་ནས་ཚར་མང་པོ་སྐྱར་བཞེངས་བྱས་ན་ཡང་དེའི་གྲངས་ཀ་ཅི་ཡོད་སྐོར་ལ་ཁ་གསལ་མེད།
དུས་རབས་བཅོ་བརྒྱད་པའི་ནང་དུ་ཀུན་གྲོལ་འཇའ་ཚོན་སྙིང་པོ་མཆོག་གིས་བོན་གྱི་ལོ་རྒྱུས་སྟེང་གི་བཀའ་འགྱུར་གྱི་དཀར་ཆག་དང་པོ་སྟེ་ཟབ་དང་རྒྱ་ཆེ་གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་དཀར་ཆག་ཉི་མ་འབུམ་གྱི་འོད་ཟེར་བྱ་བ་གསུངས་པ་དང་། དེ་ལྟར་ན་མདོ་སྡེ་ལ་། པོ་ཏི་ལྔ་བཅུ་ང་ལྔ་དང་། འབུམ་སྡེ་ལ་པོ་ཏི་བརྒྱ་དང་བརྒྱད། སྔགས་སྡེ་ལ་པོ་ཏི་བརྒྱད་ཅུ་གྱ་བརྒྱད། སེམས་སྡེ་ལ་པོ་ཏི་སུམ་ཅུ་དང་བཅས་སྡོམ་པས་ཉིས་བརྒྱ་དང་བརྒྱད་ཅུ་གྱ་གཅིག་བཞུགས། ཀུན་གྲོལ་འཇའ་ཚོན་སྙིང་པོས་དེབ་ཚོགས་དེ་ལ་བཀའ་འགྱུར་དང་བརྟེན་འགྱུར་ཞེས་མིང་གི་རྣམ་གྲངས་གཉིས་སུ་ཕྱེས་མོད། དོན་ཐོག་ཏུ་བཀའ་འགྱུར་གཅིག་པུ་ཡིན་ཞིང་དེ་མདོ་འབུམ་སྔགས་སེམས་བཞི་རུ་ཕྱེས་ཡོད། དེ་ལས་ཀྱང་གལ་ཆེ་བ་ནི། གཡུང་དྲུང་བོན་ལ་དད་འདུན་ཆེ་བའི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་ཚན་ཆུ་ཆེན་རབ་བརྟན་རྒྱལ་པོས་ཀུན་གྲོལ་འཇའ་ཚོན་སྙིང་པོ་དབུ་བླར་བསྟེན་ཡོད་པས་དངུལ་གྲོན་ཆེན་པོ་བཏང་ནས་བོན་གྱི་བཀའ་འགྱུར་གྱི་ཤིང་པར་དང་པོ་སྟེ་ཆུ་ཆེན་པར་མ་བརྐོས་ནས་གྲུབ་པ་ལའང་ཀུན་གྲོལ་འཇའ་ཚོན་སྙིང་པོས་ཕྱག་རོགས་བླ་མེད་པ་གནང་། པར་མ་དེའི་པར་ཤིང་གི་མཐར་ཟངས་ཤན་ཡོད་པས་ཟངས་པར་མ་ཡང་ཟེར། ཡིན་ན་ཡང་། དེའི་རྗེས་སུ་ཆན་ལུང་རྒྱལ་པོས་དྲག་གནོན་གྱི་དམག་དཔུང་ཡང་ཡང་རྒྱལ་རོང་ལ་དྲངས་པའི་སྐབས་སུ་ཆུ་ཆེན་པར་མའི་པར་ཤིང་ཕལ་ཆེར་བརླགས། ཁྲོ་སྐྱབས་རྒྱལ་པོ་ཀུན་དགའ་ཕུན་ཚོགས་ནི་བོན་གྱི་བསྟན་སྦྱིན་ཆེན་པོ་ཡིན་པ་མ་ཟད་ཁོང་གིས་ཀྱང་ཀུན་གྲོལ་འཇའ་ཚོན་སྙིང་པོ་དབུ་བླར་བསྟེན་ཡོད་པ་དེས་པར་ཤིང་བརླགས་འཕྲོ་དེ་དག་ཉར་ཚགས་བྱས་པ་མ་ཟད་འགྲོ་གྲོན་ཆེན་པོ་བཏང་ནས་བཀའ་འགྱུར་གྱི་ཤིང་པར་ཉམས་རྒུད་དུ་སོང་བ་དག་གསར་དུ་བརྐོས་ཏེ་ཁ་བསྐངས་པ་ནི་ཁྲོ་སྐྱབས་པར་མ་ཡིན། རིང་པོ་མ་ཐོགས་པར་ཁྲོ་སྐྱབས་པར་མ་ཡང་དེའི་ཕྱིས་ཀྱི་དམག་འཁྲུག་ནང་དུ་བརླགས། ད་ལྟ་བོད་ཁམས་དང་ལྷག་པར་ཏུ་མདོ་སྨད་ཀྱི་དགོན་པ་དང་སྒེར་གྱི་ཡིག་ཚང་དག་ཏུ་ད་རུང་ཆུ་ཆེན་པར་མ་དང་ཁྲོ་སྐྱབས་པར་མའི་དཔེ་ཆ་གང་མང་བཞུགས་ཡོད་མོད་བཀའ་འགྱུར་ཤིང་པར་མ་ཆ་ཚང་ཚར་གཅིག་ཀྱང་བཞུགས་མེད་པ་འདྲ། ཤིང་པར་དེ་གཉིས་ཀྱི་རྗེས་སུ་ད་རེག་བར་དུ་བོན་གྱི་བཀའ་འགྱུར་ལ་ཤིང་པར་གཅིག་ཀྱང་བརྐོ་མ་མྱོང་། ཡིན་ན་ཡང་། བོན་གྱི་བཀའ་
|