༄༅།།གཡུང་དྲུང་བོན་གྱི་བཀའ་བརྟེན་གྱི་བྱུང་བ།

འགྱུར་བྲིས་མ་བཞེངས་པའི་ལུགས་སྲོལ་དེ་ནམ་ཡང་མཚམས་མ་ཆད་དེ། ༡༩༢༢ལོར་ཨ་རིའི་མཁས་པ་རོ་ཁི་ཟེར་བ་ཞིག་གིས་བོད་ཀྱི་ཤར་ཕྱོགས་ཀྱི་དགོན་པ་ཞིག་གི་ནང་དུ་བོན་གྱི་བཀའ་འགྱུར་བྲིས་མ་ཞིག་བཞུགས་ཡོད་པ་མཐོང་མོད་གློ་བུར་གྱི་དོན་རྐྱེན་ཞིག་ལ་བརྟེན་ནས་ཞིབ་ཏུ་ཀློག་མ་ཐུབ་ཟེར། ༡༩༢༨ལོར་ཨུ་རུ་སུའི་མཁས་པ་རོ་རི་ཧེ་G.N.Roerichཡིས་ནག་ཆུའི་ཤ་རུ་དགོན་ནས་བོན་གྱི་བཀའ་འགྱུར་དང་བརྟེན་འགྱུར་གཉིས་སུ་ཕྱེས་པའི་བྲིས་མ་ཞིག་མཐོང་མྱོང་བ་དེའི་སྔ་མ་ལ་པོ་ཏི་བརྒྱ་དང་བཞི་བཅུ་དང་ཕྱི་མ་ལ་བརྒྱ་དང་དྲུག་ཅུ་བཞུགས་ཡོད་ཟེར། ཤེས་རབ་དཔལ་གྱིས་བརྩམས་ཤིང་ཀུན་གྲོལ་དཀར་ཆག་གི་ལྷན་ཐབས་སུ་བཞུགས་པའི་དཔེ་རྩིས་མུན་སེལ་སྒྲོན་མ་ལྟར་ན། བོན་གྱི་གཏེར་མ་དང་པོ་ནས་བཟུང་སྟེ་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱི་བར་དུ་བོན་གྱི་བསྟན་བཅོས་ཀྱི་གྲངས་ཀ་ནི་དགུ་བརྒྱ་ལྷག་ཏུ་སླེབས་ཡོད་ཟེར། དེ་ལྟར་ན་བོན་གྱི་བཀའ་འགྱུར་མ་གཏོགས་བསྟན་བཅོས་གཞན་པ་ཡང་མང་པོ་བཞུགས་ཡོད་པ་ཤུགས་ཀྱིས་རྟོགས། ཁོ་བོས༡༩༩༦ནས༡༩༩བར་དུ་བོན་པོའི་དགོན་པའི་ལོ་རྒྱུས་འབྲི་བའི་ཆེད་དུ་མདོ་ཁམས་ཀྱི་བོན་དགོན་བརྒྱ་དང་སུམ་ཅུ་ལྷག་འགྲིམས་པའི་སྐབས་དེར་ཞལ་བཞུགས་པའིབགྲེས་གྲས་རྣམས་ཀྱིས་དངོས་སུ་མཐོང་མྱོང་བའི་གྲངས་ཀ་ལྟར་རྩིས་ན། ༡༩༥༨ཡར་སྔོན་དུ་བོད་ཁམས་སུ་མ་མཐའ་ཡང་བཀའ་འགྱུར་བྲིས་མ་ཚར་སུམ་ཅུ་ཡས་མས་བཞུགས་ཡོད་པར་ཁ་ཚོན་གཅོད་ཆོག དཔྱད་རྩོམ་འདིར་གླེང་དགོས་པ་བྱུང་བའི་དབལ་ཁྱུང་བྲིས་མ་དེ་ཡང་དེར་གཏོགས། 
          ཀུན་གྲོལ་འཇའ་ཚོན་སྙིང་པོའི་རྗེས་ཀྱི་དུས་རབས་བཅུ་དགུ་པའི་ནང་དུ། གཡུང་དྲུང་གླིང་གི་མཁན་པོ་ཉི་མ་བསྟན་འཛིན (༡༨༡༣)གྱིས་གཡུང་དྲུང་བོན་གྱི་བཀའ་བརྟེན་འགྱུར་གྱི་སྡེ་ཚན་བསྒྲིགས་ཚུལ་གྱི་དཀར་ཆག་ཉུང་ཐུས་གཤེན་བསྟན་པད་མོ་རྒྱས་པའི་ཉིན་བྱེད་ཞེས་བྱ་བ་བརྩམས་ལ། དེར་བཀའ་འགྱུར་ལ་པོ་ཏི་བརྒྱ་དང་བཅུ་གསུམ་དང་། བརྟེན་འགྱུར་ལ་པོ་ཏི་ཉིས་བརྒྱ་དང་དགུ་བཅུ་གོ་གསུམ་སྟེ་སྡོམ་པས་པོ་ཏི་བཞི་བརྒྱ་དང་དྲུག་བཞུགས། ཉི་མ་བསྟན་འཛིན་གྱིས་དཀར་ཆག་བསྒྲིགས་པ་མ་ཟད་དེའི་ལྷན་ཐབས་སུ་རིག་འཛིན་ཀུན་གྲོལ་འཇའ་ཚོན་སྙིང་པོའི་དཀར་ཆག་ཏུ་བཀའ་དང་བཀའ་བརྟེན་གྱི་དབྱེ་བ་ཕྱེ་མེད་པར་བཀའ་བཀྱོན་གནངས། ཁོང་གིས་བསྒྲིགས་པའི་དཀར་ཆག་དེ་དེང་རབས་རྒྱལ་སྤྱིའི་བོན་གྱི་རིག་གནས་ཀྱི་མཁས་པ་ཆེན་པོ་ཕེར་ཁི་ཝེར་ནེ་མཆོག་གིས་ཞིབ་འཇུག་གནངས་ཤིང༡༩༧༤ ལོར་རྒྱ་གར་དུ་ཡི་རང་ཟེར་བའི་ཟླ་དེབ་སྟེང་དུ་པར་དུ་བསྐྲུན། གཞན་ཡང་གཡུང་དྲུང་ཚུལ་ཁྲིམས་དྲག་པས་བརྩམས་པའི་རྒྱལ་བའི་བཀའ་དང་བཀའ་བརྟེན་རྨད་བྱུང་དགོས་འདོད་ཡིད་བཞིན་གཏེར་གྱི་བང་མཛོད་ལ་དཀར་ཆག་བློའི་ཐ་རམ་བཀྲོལ་བྱེད་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་སོག་སྡེ་བསྟན་པའི་ཉི་མས་པར་དུ་བསྐྲུན། དེའི་ལྡེབ་མ༩༥༦ནས་བཟུང་རང་གི་མིང་ལ་དབྲ་ཁྱུང་བ་གཡུང་དྲུང་བསྟན་འཛིན་ཡིན་ཁུལ་གྱིས་བརྩམས་ཡོད་པར་བརྟེན་རྩོམ་པ་པོ་དེ་ཕལ་ཆེར་གཡུང་དྲུང་གླིང་གི་མཁན་པོ་གཡུང་དྲུང་བསྟན་འཛིན་ཡིན་ནམ་སྙམ། གལ་ཏེ་ཡིན་ན་དེ་དུས་རབས་བཅུ་དགུ་བའི་ནང་གི་བསྟན་བཅོས་ཡིན་དགོས། དཀར་ཆག་དེའི་མཇུག་བྱང་དུ། སྡེ་བཞིའི་བོན་གྱི་འཁོར་ལོ་རིན་པོ་ཆེ་འདི་ཡི་མདོ་སྡེ་ལ་པོ་ཏི་བརྒྱ་དང་བཅོ་ལྔ། འབུམ་སྡེ་ལ་བདུན་ཅུ་དོན་བདུན། སྔགས་སྡེ་ལ་ཉིས་བརྒྱ་དང་དགུ་བཅུ་གོ་གསུམ། སེམས་སྡེ་ལ་སུམ་ཅུ་སོ་དྲུག རིག་གནས་ལ་ཉེར་གསུམ། ཁྱོན་སྡོམ་པོ་ཏི་བཞི་བརྒྱ་དང་དགུ་བཅུ་གོ་བཞིའི་རྣམ་གྲངས་འཕེལ་བར་ཡོད་དོ། ཞེས་གསུངས། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཉག་རོང་རྫོང་གི་དབལ་ཁྱུང་དགོན་པར་བོན་གྱི་བཀའ་འགྱུར་བྲིས་མ་ཆ་ཚང་ཞིག་ཉར་ཚགས་གནངས་ཡོད་པ་ནི་ཆབ་སྲིད་ཀྱི་དུས་འགྱུར་ཐམས་ཅད་ལས་ཐར་ནས་དེང་སང་ལྷག་ཡོད་པའི་གཡུང་དྲུང་བོན་གྱི་བཀའ་འགྱུར་བྲིས་མ་གཅིག་པུ་ཡིན་པས་དེའི་རིན་ཐང་ནི་བཤད་མ་དགོས་པ་ལགས། ཁོ་བོས་རྩད་གཅོད་བྱས་པ་ལྟར་ན། ཁམས་ཕྱོགས་ནས་འཁྲུངས་པའི་གཡུང་དྲུང་བོན་གྱི་གཏེར་གསར་སྟོན་པ་གསང་སྔགས་གླིང་པ་མཆོག་ཧོར་ཚོ་ཆེན་སོ་དགུའི་ཡ་གྱལ་ག་རྒྱ་ཚོ་བར་གདུལ་བར་ཕེབས་དུས་སུ། ག་རྒྱ་ཚོ་པས་ལོ་འཁོར་བཅུ་ལྷག་གི་རིང་ལ་བོན་གྱི་བཀའ་འགྱུར་ཚར་གཅིག་བྲིས་བཞེངས་གནངས་ཏེ་ག་རྒྱ་བསྟན་དར་གྱིས་གསང་སྔགས་གླིང་པ་ལ་ཕུལ། ཁོང་ཕྱིར་ཉག་རོང་དུ་ལོག་རྗེས་སུ་བཀའ་འགྱུར་དེ་དབལ་ཁྱུང་དགོན་པར་བཞག རིག་གནས་གསར་བརྗེའི་སྐབས་སུ་དགོན་པ་དེའི་དགེ་འདུན་པ་གཡུང་དྲུང་རྒྱལ་བ་དང་ཤེས་རབ་དབང་ལྡན་དང་ཀུན་བཟང་རྡོ་རྗེ་གསུམ་གྱིས་སྲོག་གི་ཉེན་ཁ་ལ་མ་འཛེམ་པར་བཀའ་འགྱུར་གྱི་བྲིས་མ་འདི་སྦས་སྐོང་དང་ཉར་ཚགས་གནང་བའི་བཀའ་དྲིན་གྱིས་དེང་སང་ཀུན་གྱི་སྤྱན་ལམ་དུ་འགྲེམ་རྒྱུ་ཡོད་པར་གྱུར། དགེ་འདུན་པ་དེ་གསུམ་གྱི་སྙིང་སྟོབས་དང་མཛད་རྗེས་ལ་བསྔགས་བརྗོད་ཀྱི་མེ་ཏོག་འབུལ་བཞིན་པ་དང་འབུལ་ཡང་འོས་ལ། ལྷག་པར་དུ་ཁོ་རང་ཚོས་བསྐྱབས་པའི་བཀའ་འགྱུར་བྲིས་མ་ཚར་དེ་ནི་བོད་ཁ་བ་ཅན་ཏུ་ལྷག་པའི་བོན་གྱི་བཀའ་འགྱུར་བྲིས་རྒྱུན་གཅིག་པུར་གྱུར་པས། ཁོ་རང་ཚོས་བོན་གྱི་གྲུབ་མཐའ་འབའ་ཞིག་མ་ཡིན་པར་བོད་ཁ་བ་ཅན་གྱི་རིག་གནས་ཀྱི་ལོ་རྒྱུས་སྟེང་མཛད་རྗེས་སྔ་ན་མེད་པ་བཞག་པ་ལ་སྙིང་ཐག་པ་ནས་དང་བ་མི་སྟོན་པ་སུ། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་ནང་དུ། རྒྱལ་ཁབ་སྲིད་གཞུང་གིས་ལོ་བཅུའི་གཏོར་བརླགས་ཆེན་པོ་ལས་ཐར་བའི་རིག་གནས་ཀྱི་དངོས་རྫས་དང་ཡིག་ཆ་རྣམས་ཐོ་རུ་བཀོད་པའི་སྐབས་སུ་དགེ་འདུན་པ་རྣམ་གསུམ་གྱིས་བཀའ་འགྱུར་བྲིས་མ་དེ་ཕྱིར་བཏོན་ནས་དགོན་པར་ཕུལ། དཀར་མཛེས་ཁུལ་དང་ཉག་རོང་རྫོང་སྲིད་གཞུང་གིས་རིན་ཐང་དང་བྲལ་བའི་བཀའ་འགྱུར་བྲིས་མ་དེ་ལ་རྩིས་མཐོང་ཆེན་པོ་བྱས་པ་དང་། ལྷག་པར་དུ་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་དཀར་མཛེས་ཁུལ་དུ་ཆིབས་བསྒྱུར་གནངས་དུས་འབྲེལ་ཡོད་ཀྱི་ལས་ཁུངས་ཁག་ལ་བཀའ་འགྱུར་བྲིས་མ་དེ་ལ་རྩིས་མཐོང་ཆེན་པོ་བྱེད་དགོས་པར་མ་ཟད་གང་མྱུར་ཅི་མགྱོགས་སྒོས་པར་དུ་སྐྲུན་ཏེ་དཔེ་རྒྱུན་སྤེལ་དགོས་པའི་གསུང་བཤད་ནན་ཏུ་གནངས་པའི་བཀའ་དྲིན་གྱིས། སྐབས་དེར་དཀར་མཛེས་ཁུལ་སྲིད་གྲོས་ཀྱི་དབུ་འཛིན་གཞོན་པ་ཨ་གཡུང་རིན་པོ་ཆེ་གཡུང་དྲུང་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་བཞེས་ཤིང་གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ་མཆོག་གིས་ཕྱག་རོགས་བླ་ན་མེད་པ་གནངས་པའི་བཀའ་དྲིན་དང་། སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་གི་རྒྱབ་སྐྱོར་གང་ལེགས་ཀྱི་མཐུན་རྐྱེན་ཚོགས་པས་གཡུང་དྲུང་བོན་གྱི་བཀའ་འགྱུར་བྲིས་མ་དེ་པར་དུ་བསྐྲུན་པའི་ལས་འགོ་བརྩམས། ཨ་གཡུང་རིན་པོ་ཆེ་གཡུང་དྲུང་བསྟན་པའི་རྒྱལ་མཚན་མཆོག་ནི་ཡབ་ཚེ་དཔལ་དོན་གྲུབ་དང་ཡུམ་འོད་ཟེར་ལྷ་མོ་ལ་བོད་

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།