༄༅།།གཡུང་དྲུང་བོན་གྱི་བཀའ་བརྟེན་གྱི་བྱུང་བ།

བར་འབྱེད་ཀྱི་ལས་འགོ་ཁྲིན་ཏུའུ་ནས་བཙུགས། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་ལམ་ལྷ་སྲས་རིན་པོ་ཆེ་ནི་ཀུན་གྲོལ་སྐུ་ཕྲེང་དྲུག་པ་ཧུཾ་ཆེན་འགྲོ་འདུལ་གླིང་པའི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་ས་ཕོ་སྟག་གི་ལོར (༡༩༣༨)སྐུ་འཁྲུངས། སྐུ་ན་ཕྲ་བའི་དུས་ནས་བཟུང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་སྐུ་ཚའམ་སྐབས་དེའི་ཤར་རྫའི་རྒྱལ་ཚབ་བློ་གྲོས་རྒྱ་མཚོ (༡༩༡༥-༡༩༥༤)དང་དེང་སྐབས་ཀྱི་ཤར་རྫའི་རྒྱལ་ཚབ་ལས་ཐོག་པ་མཐུ་སྟོབས་རྣམ་རྒྱལ (༡༩༢༦-)གཉིས་ལས་འབྲི་ཀློག་སྦྱངས། ཕྱིས་སུ་མདོ་སྔགས་རྫོགས་གསུམ་གྱི་མཁས་གྲུབ་དུ་མའི་ཞབས་རྡུལ་སྤྱི་བོར་བསྟེན་ནས་གསན་སྦྱོང་གནང་བ་དང་ལྷག་པར་དུ་གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་དུ་མཐོང་བའི་སྔགས་རྫོགས་ཀྱི་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ། ཁོང་གི་སྐུ་སྲིང་ངམ་ཉེ་རབས་ཀྱི་གཏེར་སྟོན་གྲགས་ཅན་མཁའ་སྤྱོད་དབང་མོ་མཆོག་དབལ་ཁྱུང་དགོན་པ་དང་ལོ་རྒྱུས་ཀྱི་འབྲེལ་བ་དམ་པོ་བྱུང་ཡོད་པར་བརྟེན། ལྷ་སྲས་རིན་པོ་ཆེས་སྨོན་རྒྱལ་དགོན་དང་དབལ་ཁྱུང་དགོན་ནས་དགེ་འདུན་པ་བཅོ་ལྔ་ཙམ་ཁྲིན་ཏུའུ་གྲོང་ཁྱེར་དུ་གདན་དྲངས་ཏེ། དབལ་ཁྱུང་བྲིས་མའི་ཤོག་ལྷེ་རེ་རེ་པར་བརྒྱབ་པའི་སྤྱིན་ཤོག་སྟེང་ནས་སུག་རིས་ཀྱི་ཆད་པ་མཐུད་ཅིང་བར་ཕྱེས་པ་དང་། གློག་པར་གྱི་སྤྱིན་ཤོག་སྟེང་དུ་མི་གསལ་བའི་ཡིག་རིས་ཐམས་ཅད་མ་ཡིག་དང་ཐོ་གཏུགས་ནས་སྐྱར་འབྲི་གནང་བ་ལ་སོགས་པའི་ཕྱག་ལས་ཤིན་ཏུ་ཞིབ་ཆ་ཅན་ལོ་འཁོར་དྲུག་གི་རིང་ལ་བསྐྱངས་ཏེ། མཐར༡༩༩༨ལོར་གཡུང་དྲུང་བོན་གྱི་བཀའ་འགྱུར་དབལ་ཁྱུང་བྲིས་མ་ཆ་ཚང་ཞིག་གློག་པར་གསལ་པོ་ཉི་མ་ཤར་བ་ནང་བཞིན་པར་དུ་བསྐྲུན། པར་མ་དེ་ནི་ལྷ་སྲས་རིན་པོ་ཆེས་གཙོ་སྒྲིག་གི་འགན་བཞེས་ནས་པར་དུ་བསྐྲུན་པས་དེ་ལ་ལྷ་སྲས་པར་མ་ཟེར། ལྷ་སྲས་པར་མ་ལ་ཁྱོན་སྡོམ་པོ་ཏི་བརྒྱ་དང་བདུན་ཅུ་དོན་བརྒྱད་བཞུགས་ཏེ། མདོ་སྡེ་ལ་པོ་ཏི་བདུན་ཅུ་དོན་བཞི་དང་། འབུམ་སྡེ་ལ་པོ་ཏི་བདུན་ཅུ་ཐམ་པ། སྔགས་སྡེ་ལ་པོ་ཏི་ཉི་ཤུ་ཉེར་དྲུག་དང་སེམས་སྡེ་ལ་པོ་ཏི་བརྒྱད་བཅས་སོ། ། སྡོམ་པས་ཚར་ཆིག་སྟོང་དྲུག་བརྒྱ་པར་དུ་བསྐྲུན། ལྷ་སྲས་རིན་པོ་ཆེས་ལས་ཀའི་དཀའ་ཚེགས་དང་ཁྲིན་ཏུའུའི་ཚ་བ་ལ་མ་འཛེམ་པར་ལོ་འཁོར་དྲུག་གི་རིང་ལ་དཀའ་བ་སྤྱད་པར་མ་ཟད། བགེགས་བར་ཆད་བསམ་ཡུལ་ལས་འདས་པའང་ཁྱད་དུ་བསད་དེ་མཐར་བཀའ་འགྱུར་དབལ་ཁྱུང་བྲིས་མ་དེ་ཆ་ཚང་ཞིག་པར་དུ་བསྐྲུན་པ་དེས་ཀྱང་བོད་ཀྱི་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་བྱེད་པར་མཛད་རྗེས་བླ་ན་མེད་པ་བཞག་པར་གདོན་མི་ཟའོ། །
       གོང་སྨྲས་ཀྱི་ཆུ་ཆེན་པར་མ་དང་ཁྲོ་སྐྱབས་པར་མ། ཨ་གཡུང་པར་མ། བོན་བློན་པར་མ། ལྷ་སྲས་པར་མ་རྣམས་ལས་གང་ཡིན་རུང་བཀའ་འགྱུར་ཡིན་པ་ལས་བརྟེན་འགྱུར་མ་ཡིན། དེའི་ཡར་སྔོན་དུ་བརྟེན་འགྱུར་ཟེར་བའི་ཐ་སྙད་དེ་བྱུང་ནས་ལོ་ངོ་བརྒྱ་ཕྲག་དུ་མ་འདས་མོད་དེ་ལ་མིང་གི་རྣམ་གྲངས་ཙམ་མ་གཏོགས་པར་གཞི་ངོ་མ་གཅིག་ཀྱང་བྱུང་མ་མྱོང་། དེ་བས། ནག་ཆུའི་ཉེ་རོང་རྫོང་ནོར་བུ་གླིང་གི་དགོན་བདག་བླ་རབས་བཅུ་གསུམ་པའམ་གྲུབ་དབང་སྐུ་ཕྲེང་གསུམ་པ་བསྟན་པའི་ཉི་མ་མཆོག་གིས་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་དར་སྤེལ་བྱེད་པའི་ལྷག་བསམ་རྣམ་དག་གིས་ལོ་འཁོར་གཉིས་ཀྱི་རིང་ལ་མདོ་དབུས་ཁམས་གསུམ་དུ་ཕེབས་ནས། གཡུང་དྲུང་བོན་གྱི་དགོན་སྡེ་ཁག་དང་སྒེར་གྱི་ཡིག་ཚང་དག་ལས་བོན་གྱི་བརྟེན་འགྱུར་ལ་ཕྱོགས་གཏོགས་པའི་ཡིག་རྙིང་གང་ཚུད་གཡར་ནས་ཕྱོགས་སྒྲིག་གནང་པ་ལ། གཡུང་དྲུང་རྒྱལ་བ་དང་། བསྟན་འཛིན་དབང་གྲགས། གར་དབང་རྣམ་རྒྱལ། ཨ་གཡུང་། མཁན་པོ་ཚུལ་ཁྲིམས་རབ་རྒྱས་སོགས་ཀྱིས་ཕྱག་རོགས་དཔེ་མེད་གནང་བའི་བཀའ་དྲིན་གྱིས་གཡུང་དྲུང་བོན་གྱི་བརྟེན་འགྱུར་པོ་ཏི་སུམ་བརྒྱ་ཐམ་པ་བསྡུས་ཤིང་ཚགས་བསྒྲིགས་པ་དང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་མ་དངུལ་འབུམ་ལྔའི་མཐུན་རྐྱེན་བསྒྲུབས་པ་དང་བསྟུན་ནས། ། ༡༩༩༣ལོར་ལས་འགོ་བཙུགས་ཤིང༡༩༩༧ལོར་བོད་ཀྱི་ལོ་རྒྱུས་སྟེང་གི་གཡུང་དྲུང་བོན་གྱི་བརྟེན་འགྱུར་དང་པོ་དེ་ལྷ་ས་ནས་པར་དུ་བསྐྲུན། དཔྱད་རྩོམ་འདིའི་འགོ་ནས་གླེང་བ་བཞིན། བརྟེན་འགྱུར་འདིའི་དཀར་ཆག་ལ་བལྟས་ན་མང་ཤོས་འགྱུར་མ་ཡིན་ཞིང་བོད་པ་རང་གིས་བརྩམས་པའི་བསྟན་བཅོས་ཡིན་པས་བརྟེན་འགྱུར་ཞེས་པ་མིང་དོན་མི་མཚུངས་མོད། བརྟེན་འགྱུར་ཞེས་པའི་ཁ་བྱང་འོག་ཏུ་བོད་ཀྱི་དཔེ་དཀོན་བྲིས་མ་རིན་ཐང་དང་བྲལ་བ་གང་མང་གི་དཔེ་རྒྱུན་སྤེལ་ཐུབ་པ་བྱུང་བས། དེས་ཀྱང་བོད་ཀྱི་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་གནང་བར་མཛད་རྗེས་བླ་མེད་བསྐྲུན་ཡོད་པ་ལ་སུས་ཀྱང་བསྙོན་དུ་མེད་དོ།། ཀུན་གྲོལ་དཀར་ཆག་ལ་ཕྱིས་བྱུང་མཁས་པའི་བཀའ་བཀྱོན་ཐེབས་མོད། ཀུན་གྲོལ་འཇའ་ཚོན་སྙིང་པོ་ནི་བོན་གཏེར་གསར་གྱི་སྤྲུལ་སྐུ་རྣམ་བཞིའི་ཡ་གྱལ་ཡིན་པ་མ་ཟད། བོན་གྱི་བཀའ་འགྱུར་དང་བཀའ་བརྟེན་གྱི་ལོ་རྒྱུས་སྟེང་དུ་མཛད་རྗེས་གཞལ་དུ་མེད་པ་བསྐྲུན་མཁན་ཞིག་ཀྱང་ཡིན་ཏེ། བོན་གྱི་བསྟན་བཅོས་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཤིང་གཡུང་དྲུང་བོན་གྱི་ལོ་རྒྱུས་སྟེང་གི་བཀའ་འགྱུར་གྱི་དཀར་ཆག་དང་པོ་བསྒྲིགས་པ་དང་། རྒྱལ་རོང་ཁྲོ་སྐྱབས་རྒྱལ་པོ་དང་ཆུ་ཆེན་རྒྱལ་པོས་མཐུན་རྐྱེན་སྦྱར་བ་དང་བསྟུན་ནས་བོན་གྱི་ལོ་རྒྱུས་སྟེང་གི་བཀའ་འགྱུར་གྱི་ཤིང་པར་དང་པོ་པར་དུ་བསྐྲུན་པ་དེའོ། །
       ཁོང་གི་ཡར་སྔོན་དུ་དཀར་ཆག་ཁ་ཤས་ཡོད་མྱོང་མོད་གཏེར་གྱི་ཁ་བྱང་ཙམ་ཡིན་པ་ལས་བསྟན་བཅོས་ཀྱི་རིགས་དགར་མེད་པ་མ་ཟད་བཀའ་འགྱུར་གྱི་མཚན་ཡང་བཏགས་མེད་པས་སོ། ཕྱིས་སུ་མཁན་ཆེན་ཉི་མ་བསྟན་འཛིན་གྱིས་བཀའ་འགྱུར་གྱི་དཀར་ཆག་གསར་པ་ཞིག་བསྒྲིགས་ནས་བཀའ་དང་བཀའ་བརྟེན་གྱི་དབྱེ་མཚམས་ཞིབ་ཏུ་ཕྱེས་ཡོད་པས་བོན་སྤྱི་ནས་ཁས་ལེན་དང་གདེངས་འཇོག་ཆེན་པོ་ཐོབ་པ་མ་ཟད། དེ་དེང་སང་དགོན་སྡེ་རྣམས་ཀྱིས་དཀར་ཆག་སྒྲིག་པའི་གཞི་བཅོལ་སར་གྱུར་ཡོད། ཡིན་ན་ཡང་། བཀའ་འགྱུར་གྱི་པར་གསུམ་གང་དང་བཀའ་བརྟེན་པར་མ་བཅས་གང་ཡིན་རུང་དེ་རྣམས་ཀྱི་དཔེ་རྒྱུན་སྤེལ་ཐུབ་པ་བྱུང་བ་ཙམ་ལས། དེ་རྣམས་བེད་སྤྱད་དེ་བོད་ཀྱི་རིག་གནས་གོང་ནས་གོང་དུ་སྤེལ་ཞིང་མིའི་རིགས་ཀྱི་ལོ་རྒྱུས་སྟེང་དུ་བྱས་རྗེས་འཇོག་ཇི་ཐུབ་བྱེད་རྒྱུ་ལ་ང་ཚོས་ད་རུང་དཀའ་བ་མང་པོ་སྤྱོད་དགོས་པ་གོར་མ་ཆག བོད་ཀྱི་ལོ་རྒྱུས་སྟེང་ནས་བལྟས་ན།བོད་ཀྱི་རིག་གནས་ལ་མ་ལག་གཉིས་ཡོད་དེ། གཤེན་བསྟན་པའི་དར་རྒྱུན་དང་འབྲེལ་ནས་དར་རྒྱས་དང་གོང་འཕེལ་བྱུང་བའི་གཤེན་བསྟན་པའི་རིག་གནས་དང་། ཐུབ་བསྟན་པའི་དར་རྒྱུན་དང་འབྲེལ་ནས་དར་རྒྱས་དང་གོང་འཕེལ་བྱུང་བའི་ཐུབ་བསྟན་པའི་རིག་གནས་སོ། ། དེ་གཉིས་ལས་གཤེན་བསྟན་པའི་རིག་གནས་ལ་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཡོད་པ་དང་ཐུབ་བསྟན་པའི་རིག་གནས་

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།