༄༅།།གཡུང་དྲུང་བོན་གྱི་བཀའ་བརྟེན་གྱི་བྱུང་བ།
|
ལའང་བོད་ནས་དར་བའི་ལོ་རྒྱུས་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་ཡོད། ཕྱི་མ་བོད་ནས་དར་བའི་ལོ་རྒྱུས་ཐུང་རུང་གཞུང་ལུགས་གཏིང་ཟབ་ཅིང་རྒྱ་ཆེ་བས་དར་ཁྱབ་ཆེ་ཞིང་མཐར་བོད་ཀྱི་ཆོས་ལུགས་གཙོ་བོར་གྱུར་པ་དང་བོད་མི་རིགས་ལ་ཕྱོགས་གང་ཅིའི་ཐད་ནས་ཤན་ཞུགས་ཆེན་པོ་ཐེབས་ཡོད། ཡིན་ན་ཡང་། སྔ་མ་ལ་དེང་སང་ད་རུང་དགོན་པ་དང་རི་ཁྲོད་སུམ་བརྒྱ་ཙམ་བཞུགས་པ་དང་། དེའི་ཁ་ཤས་ལ་སྒྲུབ་གྲྭ་དང་བཤད་གྲྭ་དང་དུས་མཆོད་བཅས་ཀྱི་མ་ལག་ཆ་ཚང་ཡོད་པར་མ་ཟད། སློབ་གཉེར་གྱི་སྒྲིག་རིམ་ཆ་ཚང་ཞིང་དགེ་བཤེས་ཀྱི་མཚན་བཏགས་གཏོང་བའི་ལུགས་སྲོལ་ཡང་སྔར་ནས་དར་ཡོད་པས། དེ་རྣམས་ཀྱིས་བོད་ཁ་བ་ཅན་གྱི་བསྟན་པ་དང་རིག་གནས་ཀྱི་སྲོལ་རྒྱུན་རིན་ཐང་གཞལ་དུ་མེད་པ་འདི་འཛིན་སྐྱོང་སྤེལ་གསུམ་གྱི་ནུས་པ་ཆེན་པོ་ཐོན་བཞིན་ཡོད་པ་དང་། བོན་པོ་ནི་བོད་མི་རིགས་ཀྱི་རང་སའི་ཆོས་ལུགས་ཡིན་པས་དེའི་ཤན་ཞུགས་ནི་ཡུན་རིང་ཞིང་ཁྱབ་ཆེའོ། ། རྒྱུ་མཚན་མང་པོ་ཞིག་གི་རྐྱེན་གྱིས་བོན་པོའི་ཡིག་རྙིང་དང་ལྷག་པར་དུ་བཀའ་འགྱུར་དང་བཀའ་བརྟེན་སོགས་ཡིག་རྙིང་རྩ་ཆེན་རྣམས་དགོན་པ་ཁ་ཤས་ན་མ་གཏོགས་མཐོང་རྒྱུ་མ་བྱུང། ད་ཆ་བོན་པོའི་བཀའ་འགྱུར་དང་བཀའ་བརྟེན་གཉིས་ཀ་པར་དུ་བསྐྲུན་པས་དོ་སྣང་ཅན་རྣམས་ལ་མཐུན་རྐྱེན་བླ་ན་མེད་པ་སྦྱར། བོན་པོའི་དགོན་པ་རྣམས་ལྟ་ཅི། རྒྱལ་ཁབ་ཕྱི་ནང་གི་སློབ་གྲྭ་དང་ཞིབ་འཇུག་ཁང་དང་དཔེ་མཛོད་ཁང་རྣམས་ཀྱིས་བླུས་ཤིང་ཉར་བ་མ་ཟད། ཞིབ་འཇུག་གི་ལས་གཞི་ཡང་ཁ་ཤས་བསྒྲུབས་དང་སྒྲུབ་བཞིན་ཡོད་དེ། དཔེར་ན། ནོར་ཝེ་རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་ཁང་ལ་གཏོགས་པའི་མཐོ་རིམ་ཞིབ་འཇུག་ལྟེ་གནས་ཀྱིས༡༩༩༥ནས༡༩༩༦བར་དུ་རྒྱལ་ཁབ་དྲུག་གི་ཞིབ་འཇུག་མི་སྣ་བརྒྱད་གདན་དྲངས་ཏེ་བོན་པོའི་བཀའ་འགྱུར་བོན་བློན་པར་མ་གཞི་བྱས་ནས་བཀའ་འགྱུར་གྱི་དཀར་ཆག་མི་འདྲ་བ་དུ་མ་ལ་ཞིབ་འཇུག་བྱས། དེའི་འབྲས་བུ་ལ་ཤོག་ངོས་བདུན་བརྒྱ་ལྷག་ཅན་གྱི་དཀར་ཆག་དང་དེབ་རེ་རེའི་འབྲེལ་ཡོད་ཀྱི་རྒྱུ་མཚན་ཞིབ་ཏུ་བཀོད་ཡོད་པའི་བོན་པོའི་བཀའ་འགྱུར་གྱི་དཀར་ཆག་ཅིག ༢༠༠༣ལོར་འཇར་པན་རྒྱལ་ཁབ་ནས་པར་དུ་བསྐྲུན། དེའི་རྗེས་སུ་འཇར་པན་རྒྱལ་ཁབ་ཀྱི་རྒྱལ་གཉེར་མི་རིགས་རིག་པའི་བཤམས་སྟོན་ཁང་གི་ཞིབ་འཇུག་ཚན་ཁག་གིས་བོན་པོའི་ཞིབ་འཇུག་གི་ལས་གཞི་ཞིག་བསྒྲུབས་ཏེ། དེའི་ནང་དོན་དུ་བོན་པོའི་དགོན་པའི་ལོ་རྒྱུས་དང་། ཞང་ཞུང་སྐད། བོན་གྱི་དཀྱིལ་འཁོར། བོན་གྱི་ཐང་ཀ བཀའ་བརྟེན་གྱི་དཀར་ཆག་སོགས་ལ་ཞིབ་འཇུག་བྱས་ཤིང་དེ་རྣམས་ཀྱི་ཞིབ་འཇུག་གི་འབྲས་བུ་ལ་དེབ་བཅུ་ཐམ་པ་པར་དུ་སྐྲུན་བཞིན་ཡོད། དེའི་ནང་དུ་བལ་པོའི་ཁྲི་ལྡན་ནོར་བུ་རྩེས་བསྒྲིགས་པའི་བོན་པོའི་བཀའ་བརྟེན་གྱི་དཀར་ཆག་ཤོག་ངོས༡༦༩༢ཡོད་པ་ཞིག་འདུས། ཞིབ་འཇུག་གི་ལས་གཞི་དེའི་མཇུག་ཏུ་རྒྱལ་སྤྱིའི་བོན་པོའི་རིག་གནས་ཞིབ་འཇུག་གི་ཚོགས་འདུ་ཞིག་ཀྱང་སྤྱི་ལོ ༡༩༩༩ལོའི་ཟླ ༨པར་འཇར་པན་གྱི་གྲོང་ཁྱེར་ཨོ་ས་ཀ་ནས་འཚོགས་པ་དང་། དེའི་དཔྱད་རྩོམ་ཕྱོགས་བསྒྲིགས་གཉིས་ཏེ་ཞང་སྐད་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་དང་། ཆོས་ལུགས་དང་ལོ་རྒྱུས་ལ་སོགས་པའི་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་བཅས་ཀྱང་འཇར་པན་ནས་པར་དུ་བསྐྲུན་ཡོད། གང་ལྟར་ཀྱང་ཐུབ་བསྟན་པའི་བཀའ་འགྱུར་དང་བསྟན་འགྱུར་གྱིས་གནའ་རབས་རྒྱ་གར་མི་རིགས་ཀྱི་ཤེས་རབ་ཀྱི་རྩལ་དང་གཏིང་མཚོན་ཐུབ་པ་བཞིན། གཡུང་དྲུང་བོན་གྱི་བཀའ་འགྱུར་དང་བཀའ་བརྟེན་གྱིས་བོད་པའི་མེས་པོ་རྣམས་ཀྱི་ཤེས་རབ་ཀྱི་རྩལ་དང་གཏིང་མཚོན་བཞིན་ཡོད་དེ། དཔེར་ན་བོད་མི་རིགས་ཀྱི་ཡ་ཐོག་རིག་གནས་ཀྱི་འབྱུང་ཁུངས་དང་དར་རྒྱུན། བོན་པོ་རྣམས་ཀྱིས་བསྟན་པའི་སྲོག་ཤིང་དུ་མཐོང་བའི་གསང་སྔགས་དང་རྫོགས་ཆེན། བོད་པའི་མེས་པོ་རྣམས་ཀྱི་འཇིག་རྟེན་ཁམས་ཀྱི་ངོས་འཛིན། བསམ་བློའི་འཁྱེར་སོ། ཚན་རིག་གི་གསར་གཏོད། ཆོས་ལུགས་ཀྱི་དད་པ། འཚོ་བའི་སྤྱོད་སྟངས། ཞང་ཞུང་སྐད་དང་ཡི་གེ་བཅས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེ་ཤོས་འབའ་ཞིག་ཡིན་པས། དེ་ཀུན་གྱི་སྤྱན་ལམ་དུ་ཕུལ་ཐུབ་པ་བྱུང་བ་དེས་རྒྱལ་ཁབ་ཕྱི་ནང་གི་རིས་མེད་མཁས་པའི་ཚོགས་ལ་ཞིབ་འཇུག་གི་རྒྱུ་ཆ་རིན་ཐང་དང་བྲལ་བ་ཕུལ་པ་རེད།
|

