གཡུང་དྲུང་བོན་གྱི་སྲིད་པའི་ལྟ་ཚུལ་སྐོར་མདོ་ཙམ་གླེང་བ།
སྤྱིར“སྲིད་པའི་ལྟ་ཚུལ”དང“འཇིག་རྟེན་ལྟ་ཚུལ”ཞེས་པ་ནི་མི་རྣམས་འཇིག་རྟེན་ལ་འཛིན་པའི་ལྟ་ཚུལ་དེ་དོན་གཅིག་མིང་གི་རྣམ་གྲངས་ཙམ་དུ་ཟད་མོད། འོན་ཀྱང“སྲིད་པ”དང“འཇིག་རྟེན”ཞེས་པའི་ཐ་སྙད་གཉིས་བར་ལ་དོན་གྱི་ཆ་ནས་ཕལ་ཆེར་འདྲ་ཡང་སྤྱི་དང་བྱེ་བྲག་གི་ཁྱད་པར་ཞིག་ཡོད་པར་སྣང་བའང«བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག»༼1༽༼གཤམ་ནས«མཛོད་འགྲེལ»ཞེས་བསྡུས་འབྲི་བྱེད་རྒྱུ་ཡིན༽ཅེས་བྱ་བ་ལས“སྲིད་པ་ཞེས་བྱ་བར་ངེས་པའི་ཚིག་ནི། མི་སྲིད་ན་མི་འབྱུང་བས་སྲིད་ནས་འབྱུང་བ་ལ་སྲིད་པ་ཞེས་བྱའོ།། སྲིད་པའི་གོ་དོན་མཚན་ཉིད་ནི། སྲིད་ནས་བྱུང་བ་ཤེས་བྱ་རྨན་པའི་གཞི་གྱུར་པ་ཞེས་བྱའོ།། དབྱེ་དོན་གྲངས་རིམ་ནི། ནང་རེ་སེམས་དགེ་སྡིག་ཕྱོགས་གཅིག་ཏུ་མ་གྱུར་པའི་ཤེས་པ་དང༌། ཕྱི་སྟོང་ཁམས་སྣོད་བཅུད་དང་བཅས་པ་གཉིས་སོ།།”ཞེས་དང“གནའ་སྟེ་སྲིད་པ་དང་པོ་ལ་ཞེས་པས། གནའ་སྟེ་ནི་ཡོད་པར་གཟུང་བའི་དོན། སྲིད་པ་ནི་ཟིན་པ་མཚོན་པའི་མིང༌། དང་པོ་ལ་ནི་དོན་སྔ་བའི་མཚན་ཉིད་དོ།། དེ་ཡང་སྲིད་པ་ལ་སྔ་བ་རང་བྱུང་ཡེ་སྲིད་ནམ་མཁའ་དང་བཅས་པ་ཡིན་ཏེ། དེ་ལ་སྣོད་ཀྱི་འཇིག་རྟེན་བརྟེན་ཏེ་ཆགས་པའོ།། བཅུད་ལ་སྔ་བ་ཡེ་སྲིད་ཀྱི་སེམས་རྒྱུན་ཡིན། བག་ཆགས་བཟང་ངན་གྱི་གསོག་གཞི་དང་རྟེན་གནས་བྱེད་པས་སོ།།”ཞེས་དང༌། «མདོ་དྲི་མེད་གཟི་བརྗིད»ལས། “བསྐལ་སྲིད་འབྱུང་བ་རྣམ་པ་གསུམ།།བསྐལ་བ་བས་ཀྱང་སྲིད་པ་སྔ།།སྲིད་པ་བས་ཀྱང་འབྱུང་བ་སྔ།།འབྱུང་བ་དག་ལ་ཆགས་སྲིད་པས།།སྲིད་པ་ཞེས་ཀྱི་མིང་དུ་བཏགས།།”ཞེས་པ་སོགས་ལས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་བྱུང་བ་ནི་སྲིད་པ་ལས་བྱུང་བའི་རྒྱུ་མཚན་དང༌། ཐ་སྙད་ཀྱི་དབང་དུ་བྱས་ན། “སྲིད་པ”ཞེས་པ་ནི་བོན་གྱི་བརྡ་ཆད་ཅིག་སྟེ། བོན་གྱི་དཔེ་རྣམས་སུ“སྲིད་པ་སངས་པོ་འབུམ་ཁྲི” “སྲིད་པའི་སྤྱི་མདོས” “སྲིད་པའི་མིའུ་བརྒྱུད” “ཆབ་ནག་སྲིད་པ་རྒྱུད་ཀྱི་བོན”ཞེས་པ་ལ་སོགས“སྲིད་པའི”སྐོར་ཀྱི་བཤད་ཡུན་ཤིན་ཏུ་མོད་པ་ལ་སོགས་དེ་ནི་བོན་གྱི་ཁོངས་སུ་གཏོགས་པའི་ཞིབ་འཇུག་གི་བྱ་ཡུལ་ཞིག་ཡིན་པའི་རྒྱུ་མཚན་དང༌། གཞན་ཡང་དེང་དུས་ཀྱི་ཤེས་བྱའི་ཚན་ཁག་གི་དབྱེ་བ་ལྟར་“འཇིག་རྟེན་ལྟ་ཚུལ”ཞེས་པ་ནི་མཚན་ཉིད་རིག་པའི་ཁོངས་སུ་གཏོགས་པས་ན་འདིར་ཁོ་བོས་ནི་ལོ་རྒྱུས་ཀྱི་ཕྱོགས་ནས་བོན་གྱི་འཇིག་རྟེན་ལྟ་ཚུལ་སྐོར་ལ་ཅུང་ཟད་གླེང་བར་འདོད་པས“སྲིད་པའི་ལྟ་ཚུལ”ཞེས་མིང་འདི་བཀོད་པའི་དམིགས་སུ་བབས་སོ།། གཅིག བོད་གནའ་མིའི་སྲིད་པའི་ལྟ་ཚུལ་རབ་རིབ་ནས་དྲངས་ཏེ་སྤྱིར་བཤད་པ། བོད་མིའི་སྲིད་པའི་ལྟ་ཚུལ་ནི་མཚོ་བོད་མཐོ་སྒང་འདིར་བོད་མི་ནམ་བྱུང་བ་ཉིད་ནས་བྱུང་བ་མ་ཟད། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་འཕེལ་རྒྱས་སུ་འགྲོ་བ་རེད། དོན་དམ་པར་མིའི་རིགས་མ་བྱུང་བའི་སྔོན་བསྐལ་བ་ཡ་ཐོག་སྲོག་ཆགས་ཀྱི་དུས་ནས་བཟུང་འཇིག་རྟེན་ཁམས་ལ་རིག་པའི་སྟོབས་ཀྱི་མ་ཡིན་ཡང་ལྷན་སྐྱེས་ཀྱིས་ངོས་བཟུང་བྱེད་པ་ནི་རིག་པས་གྲུབ་སྟེ། དཔེར་ན། གང་ན་ནགས་ཡོད་པ་དང་གང་ན་རྩྭ་ཆུ་མོད་པ། ས་གང་ཞིག་མཐོ་ཞིང་བསིལ་ལ་ས་གང་ཞིག་དམའ་ཞིང་དྲོད་ཆེ་བ་ལ་སོགས་ཤེས་པ་ནི་རི་དྭགས་རྣམས་ཀྱི་ལྷན་སྐྱེས་ནས་བྱུང་བའི་འཇིག་རྟེན་ཁམས་ལ་ངོས་བཟུང་གི་རྟོགས་པ་ཞིག་མིན་ཞེས་སུ་ཡིས་སྨྲ། དེ་ཡང་ཨིན་ཁི་སིའི་ཞལ་ནས་ལོ་རྒྱུས་ཀྱི་མགོ་ནམ་བརྩམས་པ་ནས་བསམ་བློའི་འཕེལ་རིམ་ཡང་དུས་དེ་ནས་མགོ་བརྩམས་པ་ཡིན་ཞེས་གསུངས་པ་ལྟར། ལོ་ཉིས་སྟོང་དགུ་བརྒྱ་ལྷག་གི་དུས་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མ་བྱོན་པའི་ཡར་སྔོན་ནའང་ལྷན་སྐྱེས་ཀྱི་ཤེས་པ་དེ་ལས་འཕེལ་རྒྱས་སུ་སོང་ཞིང་རིག་པའི་སྟོབས་ལས་བྱུང་བའི་སྲིད་པའི་ལྟ་ཚུལ་སྣ་ཚོགས་ཇི་སྙེད་ཅིག་བྱུང་མྱོང་ཡོད་པ་ནི། ཨ་མདོའི་དམངས་ཁྲོད་ན་གྲགས་པའི«ཨ་མཚར་རོ་མཚར་དགུ»ཞེས་པ་དེ་བྱིས་པ་ལ་སྦྱར་བའི་གཏམ་ཞིག་ཡིན་ཞེས་བཤད་ཀྱང་དོན་དུ་ཡ་ཐོག་གི་མི་རྣམས་ཀྱིས་འཇིག་རྟེན་ཁམས་ལ་རྟོག་པའི་དྲི་བ་དང་ཐེ་ཚོམ་གྱི་བཤད་ཡུན་གནའ་ནས་བཟུང་མི་རབས་ནས་མི་རབས་སུ་བརྒྱུད་པ་ཞིག་ཡིན་པར་ངེས་ཏེ། ད་ལྟ་བཤད་རིན་མེད་ཅིང་བྱིས་བློ་དང་འདྲ་བའི་བསམ་སྤྱོད་མང་པོ་ཞིག་ཡ་ཐོག་གི་དུས་སུ་རླབས་ཆེན་གྱི་བསམ་སྤྱོད་ཡང་རྩེ་འབའ་ཞིག་ལགས་སོ།། དེ་ཡང«ཨ་མཚར་རོ་མཚར་དགུ»ཞེས་པ་ལས། “ ཨ་མཚར་རོ། ཨ་མཚར་རོ། རི་འདི་བརྩིགས་མཁན་མེད་ལ་མཐོ་བར་ལྟོས་དང༌། ཨ་མཚར་རོ། ཨ་མཚར་རོ། རྡོ་འདི་ཕ་མ་མེད་ལ་མང་བར་ལྟོས་དང༌། ཨ་མཚར་རོ། ཨ་མཚར་རོ། གནམ་འདི་འདེགས་མཁན་མེད་ལ་མཐོ་བར་ལྟོས་དང༌། ཨ་མཚར་རོ། ཨ་མཚར་རོ། སྐར་མདའ་འདི་རྐང་ལག་མེད་ལ་མགྱོགས་པར་ལྟོས་དང༌། ཨ་མཚར་རོ། ཨ་མཚར་རོ། ཁངས༼ཁ་བ༽འདི་བཀྲུ་མཁན་མེད་ལ་གཙང་བར་ལྟོས་དང༌། ཨ་མཚར་རོ། ཨ་མཚར་རོ། ཚེར་མ་འདི་བརྡར་མཁན་མེད་ལ་རྣོ་བར་ལྟོས་དང༌། ཨ་མཚར་རོ། ཨ་མཚར་རོ། རྩྭ་འདི་འདེབས་མཁན་མེད་ལ་མང་བར་ལྟོས་དང༌། ཨ་མཚར་རོ། ཨ་མཚར་རོ། ཆུ་འདི་འཁྲིད་མཁན་མེད་ལ་མགྱོགས་པར་ལྟོས་དང༌། ཨ་མཚར་རོ། ཨ་མཚར་རོ། ནགས་འདི་འཛུགས་མཁན་མེད་ལ་མང་བར་ལྟོས་དང༌། ཨ་མཚར་རོ། ཨ་མཚར་རོ།”ཞེས་པ་ནི་ཏག་ཏག་གནའ་མིའི་རང་བྱུང་ཁམས་ལ་ཡ་མཚར་ཞིང་ཐེ་ཚོམ་སྐྱེས་པའི་བསམ་བློ་དེའི་ཤུལ་རྗེས་ཡིན། དེ་ནས་རང་བྱུང་ཁམས་ལ་ཡུན་རིང་དུ་འཐབ་རྩོད་བགྱིས་པའི་ཁྲོད་ཐོག་མར་ཡ་མཚར་ཞིང་ཐེ་ཚོམ་སྐྱེས་པའི་བློ་དེ་ལས་གོང་དུ་འཕེལ་ནས་ཕྱི་རོལ་འཇིག་རྟེན་གྱི་ཁམས་དང་ཚུར་མཐོང་སེམས་ཅན་གྱི་བྱུང་འཕེལ་སྐོར་ལ་རང་ནུས་གང་ཚོད་ཀྱིས་བབ་ཆགས་ཀྱི་འགྲེལ་བ་རེ་རྒྱག་པའི་མགོ་བརྩམས། དཔེར་ན་ཨ་མདོའི་དམངས་ཁྲོད་ན་བཤད་པའི«ཨ་ཆགས་ཆགས་དགུ»དང«སྲིད་པའི་ཆགས་གླུ»ལ་སོགས་པ་དེ་དག་གིས་གནའ་མིས་སྲིད་པ་འདི་ཐོག་མར་ཇི་ལྟར་ཆགས་ཚུལ་ཐད་ལ་བབ་ཆགས་ཀྱིས་འགྲེལ་བ་བརྒྱབ་པར་ཟད་དེ། སྤྱི་ཚོགས་འཕེལ་རིམ་གྱི་ཀློང་དུ་བལྟས་ན་སྔ་མའི་སྔ་མའི་བསམ་བློ་ལས་ཕྱི་མའི་ཕྱི་མའི་བསམ་བློ་ལ་འཕེལ་རྒྱས་ཀྱི་རིག་པ་དང་རྟོག་དཔྱོད་ཀྱི་སྙིང་སྟོབས་ལྡན་པ་ཡིན་ནོ།། དེ་དང་དེ་ལ་སོགས་པར་གནའ་མིས་སྲིད་པ་ལ་ཐོག་མར་ཆགས་པའི་ལྟ་ཚུལ་ལམ་སྲིད་པའི་བསམ་བློའི་རྗེས་ཤུལ་ནི་ལྷ་སྒྲུང་གཏམ་རྒྱུད་སོགས་ཀྱི་རྣམ་པར་གངས་རིས་བསྐོར་བའི་ལྗོངས་ན་ཇི་སྙེད་ཅིག་གྲགས་པ་དེ་དག་གིས་མཚོན་ནོ།། དེ་ལས་དུས་རབས་ཀྱི་དབྱེ་མཚམས་ཕྱེ་ཞིང་བསམ་བློ་ལ་ཐོད་བརྒལ་ཅིག་བྱུང་བ་ནི་གཤེན་རབ་མི་བོ་ཆེ་ཞང་ཞུང་གི་ཡུལ་དུ་འཁྲུངས་པ་ནས་ཡིན་ཏེ། གཤེན་རབ་ཀྱིས་དུས་སྐབས་དེའི་བསམ་བློའི་ཆུ་ཚད་ལས་རིང་དུ་བརྒལ་བའི་ལྟ་བ་དང་དགོངས་པ་ལྷུག་པར་བཏོན་པ་རྣམས་ནི་དེང་གི་དུས་སུའང་བླང་བར་བྱ་བ་དང་ཞིབ་འཇུག་བྱ་རིན་ཡོད་པའི་གནས་མང་དུ་མཆིས་ཤིང༌། དེ་ལས་སྲིད་པའི་ལྟ་ཚུལ་གྱི་སྐོར་འདི་ལའང་ཐུན་མོང་མིན་པའི་ཆ་མང་དུ་ལྡན་ཞིང་དགོངས་པའི་འོད་སྟོང་རྣམ་པར་ལྷག་ལྷག་འཕྲོ་ཞེས་དེང་གི་རྒྱབ་ཁབ་ཕྱི་ནང་གི་མཁས་པ་རྣམས་ཀྱིས་ཀུན་ནས་བཞེད་དོ།། |

