གངས་ཅན་བོད་དུ་ཐོག་མར་སངས་རྒྱས་ཀྱི་ཆོས་ལུགས་གང་དར་བ་དང་ཁྱད་པར་རྫོགས་པ་ཆེན་པོ་དར་བའི་ལོ་རྒྱུས་རགས་ཙམ་དཔྱད་པ།
སངས་རྒྱས་ཆོས་ལུགས་ཞེས་པ་ངོས་འཛིན་ཚུལ་དང་རྫོགས་པ་ཆེན་པོ་ནི་སངས་རྒྱས་
དབྱིན་ཇིའི་རྒྱལ་ཁབ་ཏུ་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ཐེངས་བཅུ་བའི་སྟེང་གི་གསུང་བཤད།
༄༅ །། ཐམས་ཅད་མཁྱེན་པའི་སངས་རྒྱས་ཐམས་ཅད་དང༌། །མདོ་སྔགས་རྫོགས་གསུམ་ཡང་དག་མདོ་སྔགས་བོན། །འཕགས་མཆོག་རིག་འཛིན་རྒྱལ་སྲས་འཕགས་མཆོག་ཀུན། །དཀོན་མཆོག་དབྱེར་མེད་བླ་མ་དཀོན་མཆོག་དྲན། །སངས་རྒྱས་རྣམས་ནི་ཐུགས་མཉམ་པས། །ཀུན་གྱི་སྐྱབས་ཡུལ་སངས་རྒྱས་གཅིག །ཁྱོད་དང་ང་ཡི་སངས་རྒྱས་ཞེས། །རིས་སུ་འཛིན་པ་བླུན་པོའི་ལུགས།། ཞེས་འདི་ལྟར་སེམས་ཏེ། ཞང་བོད་ཀྱི་ཡུལ་གྲུ་འདིར། མི་ལོ་ཆིག་ཁྲི་ལྷག་གི་ཡར་སྔོན་ནས། རྣམ་མཁྱེན་སངས་རྒྱས་སྟོན་པ་གཤེན་རབ་བྱོན་ནས་བཀའ་འཁོར་ལོ་གསུམ་བསྐོར་བ་ནི། ཚེ་ལོ་བརྒྱ་བའི་དུས་སུ་སངས་རྒྱས་ཆོས་ལུགས་ཀྱི་ཐོག་མ་ཡིན། ཡང་སྟོན་པ་གཤེན་རབ་ལུགས་ལ། སྔོན་འདས་པའི་སངས་རྒྱས་རབ་བདུན་བྱོན་ནས་གཤེན་རབ་རྣམ་འདྲེན་བརྒྱད་པ་ཡིན་པར་བཤད་པ་དང༌། ཐུབ་པའི་ལུགས་ལའང༌། སྔོན་འདས་པའི་སངས་རྒྱས་གསུམ་བྱོན་ནས་ཐུབ་པ་རྣམ་འདྲེན་བཞི་བར་བཤད་པ་ནི་ཡོངས་གྲགས་ལྟར་ལ། དེ་དག་ནི་བརྒྱ་བའི་སྟོན་པ་མ་ཡིན་པའི་དབང་གིས། ད་ལྟའི་སྟོན་པ་འདིའི་བསྟན་པའི་དབང་དུ་བྱས་ནས་སངས་རྒྱས་ཆོས་ལུགས་ངོས་འཛིན་དགོས་ཀྱང༌། སྔགས་སེམས་ལྟར་ན། བོན་ལུགས་སུ་དགོངས་བརྒྱུད་སྟོན་པ་དྲུག་གམ་དགུ་དང༌། ཁྱད་པར་ཡུམ་སྲས་གཤེན་གསུམ་ནས་གསང་སྔགས་རྫོགས་ཆེན་གྱི་བསྟན་པ་བྱུང་བའི་ཚུལ། སྔགས་སེམས་རང་རང་གི་བླ་བརྒྱུད་ལྟར་གསལ་བ་དང༌། སྔགས་རྙིང་མ་བའི་ལུགས་ལའང༌། གསང་སྔགས་ནི་རྒྱལ་བ་རྡོ་རྗེ་འཆང་ནས་བརྒྱུད་པ་དང༌། རྫོགས་ཆེན་ནི་སྟོན་པ་བཅུ་གཅིག་བྱོན་པའི་ལོ་རྒྱུས་ཡོད་པ་ལྟར་ན། ཐམས་ཅད་ཐུབ་པས་གསུངསཔས་གསུངས་པ་མིན་ཀྱང་། སངས་རྒྱས་ཆོས་ལུགས་ཡིན་པ་སྨོས་མ་དགོས་སོ། བོན་ལུགས་སུ་སྟོན་པ་གཤེན་རབ་ཀྱིས་བཀའ་འཁོར་རིམ་པ་གསུམ་དུ་བསྐོར་བར་བཤད་པའི། དང་པོ་ཐེག་པ་རིམ་དགུ། བར་བ་སྒོ་བཞི་མཛོད་ལྔ། མཐའ་མ་ཕྱི་ནང་གསང་གསུམ་དུ་གསུངས་པ་རེ་རེར། མདོ་སྔགས་སེམས་གསུམ་ཡོད་པ་ནི། རྒྱལ་བའི་བཀའ་དང་བཀའ་བརྟེན་རྣམས་ལ་མཇལ་བ་ཙམ་གྱིས་ཤེས་པར་མ་ཟད། སྟོན་པ་གཤེན་རབ་ཀྱིས་ཐེག་པ་རིམ་དགུར་གསང་སྔགས་རྒྱུད་སྡེ་བཞི། རྫོགས་ཆེན་སེམས་ལུང་གི་མན་ངག་སྡེ་གསུམ་སོགས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཐེག་པ་ཆེན་པོའི་བོན་སྡེ་མང་དུ་གསུངས་པ་ལ་ཡོད་མེད་དང་ ཡིན་མིན་གྱི་རྩོད་པ་ཚིག་གཅིག་
|

