|
གྲགས་པས་རྫོགས་ཆེན་རྩལ་དུ་བཏོན་ནས་སྤེལ་བ་ལ། དགེ་བཤེས་ཁྱུང་བོ་གྲགས་སེ་བྱ་བས་ཟུར་ཆུང་ཆོས་ལོག་མཁན་བསད་ན་ཉེས་པ་མེད་སོགས་བསྐུར་བ་མང་པོ་བཏབས་པ་དང༌། འབྲི་གུང་དཔལ་འཛིན་གྱིས་སེམས་ཕྱོགས་རྫོགས་ཆེན་ལ་དགག་པ་བརྗོད་པ་སོགས༌། དེབ་སྔོན་དང་ཆོས་བྱུང་མཁས་པའི་དགའ་སྟོན་སོགས་སུ་གསལ་བར་ཡོད་པ་ལ་དཔྱད་རྒྱུ་སྣང་ངོ༌། དེས་ན་དེ་དག་གང་སངས་རྒྱས་ཆོས་ལུགས་ཡིན་མིན་ལ་ཐེ་ཚོམ་མི་དགོས་ཤིང༌། ཆོས་ལུགས་པ་རང་ཉིད་སངས་རྒྱས་ཆོས་དང་མཐུན་མི་མཐུན་ལ་བལྟ་ཤེས་ན་དེ་བས་གལ་ཆེ་བ་མེད་དོ། སངས་རྒྱས་ཆོས་ལ་དད་པ་ཡོད་ཕྱིན། ཆོས་ལ་ཆགས་སྡང་ཆེ་དྲགས་ན་སངས་རྒྱས་ཀྱི་སྐྱབས་འོག་ཏུ་ཚུད་པར་མི་འགྱུར་བ་སོགས་ཤེས་དགོས་པ་དང༌། དེ་ཕྱིར་བན་བོན་གཉིས་འདི་ཆོས་ཀྱི་རྒྱུན་གཙང་བ། དམ་ཚིག་སེལ་མེད་ཡིན་པ། ཕྱོགས་དང་རིས་སུ་མ་ཆད་པ་ཞིག་བྱུང་ན་བསྟན་པ་དང་འགྲོ་བ་ཀུན་ལ་ཕན་པ་རྒྱ་ཆེན་འབྱུང་ངེས་སྙམ་མོ། ། ཞེས་རྒྱལ་སྤྱིའི་མཁས་པ་དག་གི་མདུན་སར་སྤོབས་པ་བསྐྱེད་དེ་ཞུས་པའོ།།
མཆན་འགྲེལ། ཤོག་ངོས ༡ ཐིག་ཕྲེང ༣ སངས་རྒྱས་རབ་བདུན་ནི། སངས་རྒྱས་རང་བྱུང་ཐུགས་རྗེ་ཅན། སངས་རྒྱས་འཁོར་བ་ཀུན་འདྲེན། སངས་རྒྱས་ཉོན་མོངས་དུག་སྲེག སངས་རྒྱས་ཚད་མེད་ཐུགས་རྗེ་ཅན། སངས་རྒྱས་ཐམས་ཅད་མཁྱེན་གཟིགས། སངས་རྒྱས་ཀུན་ཤེས་ཐང་བོ། སངས་རྒྱས་གཏོ་རྒྱལ་ཡེ་མཁྱེན། མདོ་སྡེ་བསྐལ་བཟང་ལས་སོ། ངོས ༤ ཐིག ༤ སངས་རྒྱས་གསུམ་ནི། སངས་རྒྱས་འཁོར་བ་འཇིགས། སངས་རྒྱས་གསེར་ཐུབ། སངས་རྒྱས་འོད་སྲུང་ངོ། བསྐལ་བཟང་ལས་སོ། ངོས ༡ ཐིག ༧ སྟོན་པ་དྲུག་གམ་དགུ། ཡོངས་གྲགས་གསང་སྔགས་ལུགས་ལ་དགོངས་བརྒྱུད་དྲུག་ནི་ཀུན་ཏུ་བཟང་པོ། ཚད་མེད་འོད་ལྡན། འཕྲུལ་གཤེན་སྣང་ལྡན། བཟང་ཟ་རིང་བཙུན། འཆི་མེད་གཙུག་ཕུད། གསང་བ་འདུས་པ་དང་དྲུག སེམས་ཕྱོགས་རྫོགས་ཆེན་ཞང་ཞུང་སྙན་བརྒྱུད་ལྟར་དགོངས་བརྒྱུད་སྟོན་པ་དགུ་ནི། ཡེ་ཉིད་སྟོན་པ་ཀུན་ཏུ་བཟང་བོ། ཐུགས་རྗེ་སྟོན་པ་ཀུན་བཟང་གཤེན་ལྷ་འོད་དཀར། སྤྲུལ་བའི་སྟོན་པ་གཤེན་ལྷ་འོད་དཀར། ཐུགས་རྗེ་ཆེན་པོ་ཚད་མེད་འོད་ལྡན། ཐབས་ཆེན་སྟོན་པ་འཕྲུལ་གཤེན་སྣང་ལྡན། བར་ཀློང་སྟོན་པ་བར་སྣང་ཁུ་བྱུག ཤེས་རབ་ཡུམ་ཆེན་བཟང་ཟ་རིང་བཙུན། མཁའ་དབྱིངས་སྟོན་པ་འཆི་མེད་གཙུག་ཕུད། མན་ངག་ཀུན་འདུས་སྟོན་པ་གསང་བ་འདུས་པའོ། ཡུམ་སྲས་གཤེན་གསུམ་ནི། ཡུམ་བཟང་ཟ་རིང་བཙུན། སྲས་འཆི་མེད་གཙུག་ཕུད། གཤེན་གསང་བ་འདུས་པ་གསུམ། ཤོག་ངོས ༡ ཐིག་ཕྲེང ༡༠ སྟོན་པ་བཅུ་གཉིས་ནི། ཚེ་ལོ་དཔག་མེད་དུས། སྟོན་པ་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ། ཚེ་ལོ་བྱེ་བའི་ཚེ། སྟོན་པ་ཁྱེའུ་འོད་མི་འཁྲུགས་པ། ཚེ་ལོ་འབུམ་པའི་དུས། སྟོན་པ་འཇིགས་པ་སྐྱོབ་པའི་
|