གཡུང་དྲུང་བོན་གྱི་བཤད་སྒྲུབ་བསྟན་པའི་བྱུང་རིམ།
|
ཤིང་ཐོས་བསམ་དང་འཆད་རྩོད་ཀྱི་རྦ་རླབས་དྲག་ཏུ་ལྡིང་སྟེ་སྔ་རབས་བོན་གྱི་བཤད་སྒྲུབ་ཀྱི་བསྟན་པ་བོད་ཁ་བ་རི་པའི་གཅེས་ནོར་དུ་བསྐྲུན། དེ་ནས་བཟུང་ཡབ་མེས་གོང་མ་རྣམས་ཀྱི་མཛད་སྲོལ་བཞིན་རྒྱལ་སྲིད་ལུགས་གཉིས་ཀྱིས་བསྐྱངས་ཏེ་རྒྱས་པ་འབུམ་ལྔ་དང་། འདུལ་བ་རྒྱུད་དྲུག མངོན་པ་སྡེ་བཞི། མཚན་ཉིད་སྡེ་ལྔ། རིག་པའི་གནས་ཆེན། བོན་ཐེག་པ་རིམ་དགུ་སོགས་བོན་སྒོ་བསམ་གྱིས་མི་ཁྱབ་པ་དར་ནས་དེ་དག་ལ་རྣམ་དཔྱོད་རིག་རྩལ་ལྡན་པའི་མཁས་གྲུབ་ཆེས་ཆེར་བྱོན། དམུ་ཚ་གྱེར་མེད་རྣམ་སྤྲུལ་བ། ། གཤེན་ལ་ཀླུ་དགའ་བྱ་བ་འབྱུང་། ། མཚོ་རྔ་བྲག་ལ་བསྒྲུབ་དུས་སུ། ། ང་ཡི་བྱིན་རླབས་གཏེར་སྒོ་འབྱེད། ། ཉི་མ་ཕྱོགས་བཞིར་འཕེལ་བར་འགྱུར། ། ཞེས་ལུང་གིས་བསྔགས་པའི་གཏེར་སྟོན་བརྒྱ་རྩའི་གཙོ་བོ་སྤྲུལ་བའི་སྐུ་མཆོག་གཤེན་ཆེན་ཀླུ་དགའ་དེ་ཉིད་ཀྱིས་མཚོ་རྔ་བྲག་ནས་དངོས་གྲུབ་ཀྱི་བོན་གཏེར་རྙེད་པའི་མདོ་འབུམ་རྒྱུད་མཛོད་བཞི་ཡི་བོན་སྡེ་རྣམས་ལས་ལྕོག་ལ་གཡུང་དྲུང་སྐྱིད་ལ་ཁམས་ཆེན་སྟོང་ཕྲག་བརྒྱ་པ་སོགས་འབུམ་གྱི་བོན་དང་། བྲུ་ཆེན་ནམ་མཁའ་གཡུང་དྲུང་དང་ཁྱུང་གི་རྒྱལ་མཚན་ལ་སྣང་སྲིད་མཛོད་ཕུག་སོགས་མཚན་ཉིད་ཀྱི་བོན། དབང་ལྡན་ཞུ་གཡས་ལེགས་པོ་ལ་བྱང་སེམས་གབ་པ་སོགས་སེམས་ཕྱོགས་ཀྱི་བོན། སྤ་སྟོན་དཔལ་མཆོག་བཟང་བོ་ལ་ཁྲོ་བོ་དབང་ཆེན་སོགས་གསང་སྔགས་རྒྱུད་ཀྱི་བོན་སྡེ་རྣམས་ཀྱི་བཀའ་བབས་པས་རང་རང་གི་གདན་སར་འགྲེལ་དང་ཁྲིད་ཀྱི་བཤད་སྲོལ་བཙུགས། གཞནཡང་རྨེའུ་སྟོན་ལྷ་རི་གཉན་པོ་དང་། རྗེ་རི་ཁྲོད་པ་དམ་པ་དེ་དག་གི་ཞབས་ལ་གཏུགས་ཏེ་ཐོས་བསམ་སྒོམ་སྒྲུབ་དཔྱིས་ཕྱིན་པར་མཛད་ཅིང་། མཁས་པ་དཔལ་ཆེན་ལ་སོགས་མཁས་གྲུབ་རིམ་བྱོན་གྱིས་སྔ་རབས་བོན་གྱི་གཞུང་ལུགས་ཀུན་ལ་དག་ཐེར་དང་དཔྱད་གསུམ་གྱིས་དགོངས་དོན་སོ་སོར་བཀྲལ་ནས། བཤད་སྒྲུབ་བསྟན་པའི་མཛེས་རྒྱན་འཆད་རྩོད་ཀྱི་རླབས་ཕྲེང་ནུབ་མེད་མཁའ་ལ་འཐོར་བར་བྱས། ཁྱད་པར་དུ་བྲུ་ཆེན་ནམ་མཁའ་གཡུང་དྲུང་དང་བྲུ་ཤ་ཁྱུང་གི་རྒྱལ་མཚན་གཉིས་ཀྱིས་མངོན་པ་མཛོད་དང་། སྔགས་སེམས་ཀྱི་བོན་སྒོ་རྣམས་ལ་འགྲེལ་བ་རྒྱ་ཆེར་བཏབ། མཚན་ལྡན་གཡོར་བོ་མེ་དཔལ་གྱིས་ཨ་ཁྲིད་ཐུན་མཚམས་བརྒྱད་དམ་བཅུ་ཡི་ཁྲིད་གདམས་མཛད་དེ་བྲི་ཡི་ཨ་ཁྲིད་ཅེས་ཡོངས་སུ་གྲགས་པར་གྱུར། བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་ཐེག་པ་ཆེ་ཆུང་གོང་འོག་རྣམ་པར་འབྱེད་པའི་གལ་མདོ་ངེས་པའི་གཏན་ཚིགས་དྲི་མེད་གསལ་སྒྲོན་དང་། རྩ་རྒྱུད་གསང་བ་གསེན་ཐུབ་ཀྱི་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན། ཁྲོ་བོ་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས་ཀྱི་འགྲེལ་བ་གསལ་བྱེད་འཕྲུལ་གྱི་ལྡེ་མིག སྲིད་པའི་མཛོད་ཕུགས་ཀྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པའི་འགྲེལ་བ། ཐེག་པ་ཆེན་པོ་ས་དང་ལམ་གྱི་རིམ་པ་རིན་པོ་ཆེ་འཕྲུལ་གྱི་ལྡེ་མིག ཚད་མའི་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་སོགས་དང་། བྲུ་ཆེན་རྒྱལ་བ་གཡུང་དྲུང་མཆོག་གིས་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བ་དང་། རྫོགས་ཆེན་སྙན་རྒྱུད་ཀྱི་ལག་ལེན་དམར་ཁྲིད། སྣོད་བཅུད་ཀྱི་འགྲེལ་བ་བཅས་གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་རིང་ལ། སློབ་གཉེར་གྱི་སྦྱང་བྱའི་གཞི་རྐང་གབ་མཛོད་ས་གསུམ་དང་། དབུ་ཚད་ཕར་གསུམ་སོགས་མཛད་དེ་འཆད་རྩོད་རྩོམ་གསུམ་གྱིས་རྒྱལ་སྲས་གཡུང་དྲུང་སེམས་དཔའི་བསླབ་གྲལ་དུ་སྙེགས་པའི་འདུས་གྲྭ་ཁྲི་ཕྲག་གི་གྲངས་ལས་བརྒལ་བའི་སློབ་ཚོགས་འཕེལ་ཞིང་འཛམ་གླིང་རྒྱལ་བསྟན་ཡོངས་རྫོགས་ཀྱི་གསོས་སུ་གྱུར་བ་དང་། གངས་ཅན་བོད་ཀྱི་མཁས་གྲུབ་དམ་པ ༧ རྒྱལ་བ་མཉམ་མེད་ཆེན་པོས་དཔལ་ལྡན་བྲུ་ཡི་གདན་ས་ལྷུན་གྲུབ་དབེན་ས་ཁ་ནས་མཁས་གྲུབ་རིན་ཆེན་བློ་གྲོས་སོགས་མཁས་བཙུན་མང་པོ་སྤྱི་བོར་མཆོད་དེ། གསང་གསུམ་གྱི་དགོངས་བཅུད་ཕྱི་མཚན་ཉིད་ཐེག་པའི་གཞུང་དང་། ནང་གསང་བ་སྔགས་ཀྱི་གཞུང་། གསང་བ་རྫོགས་པ་ཆེན་པོའི་གཞུང་སོགས་བོན་སྡེ་རྣམས་ལ་ཐོགས་ཆགས་མེད་པར་བློ་གྲོས་ཀྱི་མཁྱེན་རྒྱ་རབ་ཏུ་རྒྱས་ཏེ། མདོ་སྔགས་སེམས་གསུམ་གྱི་བོན་སྡེ་གང་ལ་ཡང་འགྲེལ་དང་ཆ་ལག་སོགས་མ་མཛད་པ་མེད་ཀྱང་བསྟན་པའི་གསལ་བྱེད་མཚན་ཉིད་རིག་པའི་སྡེ་སྣོད་འཕྲུལ་སྒྲོན་རྣམ་ལྔ་སོགས་གཏན་ལ་ཕབ་པར་མཛད་ནས། ད་བར་མཁན་རབས་སོ་གསུམ་རིང་དཔལ་ལྡན་བྲུ་ཡི་རིང་ལུགས་རྨ་མེད་དུ་བསྐྱངས་ཤིང་བཤད་སྒྲུབ་བསྟན་པའི་བ་དན་ནུབ་མེད་སྲིད་པའི་ཁམས་སུ་གཡོ་བར་གྱུར་ཏོ།
|
<< བོན་བསྟན་ཕྱི་དར་དང་འབྲེལ་བའི་གཡུང་དྲུང་བོན་གྱི་དགོན་སྡེ།བསྟན་པ་དང་ཡི་གེའི་བྱུང་ཁུངས་མདོར་བསྡུས།།༼ལྟ་ཀློག༽ >>
དཔྱད་གཏམ་ཡོངས་ལ་གཟིགས་པ།

