རིན་སྤུངས་དགོན་པའི་ལོ་རྒྱུས་ཀྱི་འཕོ་འགྱུར།

བླ་རབས་གཉིས་པ་མཁན་ཆེན་ཤེས་རབ་ཡེ་ཤེས་མཆོག་ནི། རབ་བྱུང་བཅུ་བཞི་བ་ལྕགས་མོ་ལུག་ལོ། སྤྱི་ལོ་༡༨༡༡ལོར་དམུ་དགེ་ཨ་སྔོ་སྡེར་ཤེལ་ཞིག་རྒྱུད་ལས་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་སྟེང་སྐྱང་བཙུན་རིན་པོ་ཆེས་རིན་སྤུངས་སྤྲུལ་སྐུའི་ངོས་འཛིན་གནང་བ། དགུང་ལོ་ཆུང་ངུའི་དུས་ནས་རྒྱལ་རོང་ཕྱོགས་ནས་བརྒྱུད་དེ་ཁྱུང་བོ་དང་ཐུགས་སྤྲུལ་བོན་རི་སོགས་ལ་ཕེབས་ནས་རིས་མེད་ཀྱི་བླ་མ་དུ་མའི་མདུན་ནས་བོན་འབྲེལ་ཞུས། བོན་གྱི་རྨེའུ་ཚང་སོགས་གྲྭ་ས་ཡ་བཞི་གཤེན་ཁྱུང་དང་བཅས་བླ་མ་རྣམས་ལས་གདམས་ངག་ཞུས་པ་དང་། རྟེན་གང་ཡོད་རྣམས་ཞིབ་མཇལ་གནང་། ཁྱད་པར་དར་ལྡིང་ནས་མ་རྒྱུད་དབང་བཞི་དང་། ཞུ་ཡི་བླ་མའི་མདུན་ནས་སྙན་རྒྱུད་དྲི་མེད་ལྷན་སྐྱེས་སོགས་ཞུས། གདན་ས་སྨན་རི་ནས་ལོ་ངོ་བདུན་གྱི་བསླབ་གཉེར་དང་སྒྲུབ་པ་ཉམས་ལེན་བཞུགས། གནམ་མཚོ་དང་ཁྱུང་བོའི་སྒོམ་གྲྭ་སོགས་སུ་ལོ་ངོ་བདུན་ལྷག་ལ་ཉམས་ལེན་ལ་གཞོལ་ཤིང་། རིས་མེད་བླ་མ་གང་མང་བསྟེན་ནས་བོན་བན་གསར་རྙིང་གི་རྒྱུད་ལུང་མན་ངག་དབང་སོགས་ཞུས། སླར་རང་ཡུལ་དུ་ཕེབས་ནས་སྐྱང་བཙུན་མཆོག་གིས་དགོངས་བཞེད་ཀྱི་ངོས་འཛིན་གནང་བ་ལྟར་སྔར་ཡོད་ཀྱི་རི་ཁྲོད་དེ་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་ཞེས་མཚན་གསོལ་གནང་ནས་འཚོགས་ཁང་ཆེན་མོ་དང་ཇ་ཁང་སོགས་གསར་དུ་བཞེངས། རབ་བྱུང་བཅུ་བཞི་བ་ཡོངས་འཛིན་ཞེས་པ་ཆུ་ཕོ་བྱི་བའི་ལོ། སྤྱི་ལོ་༡༨༥༢ལོར་རྒྱ་བོད་འཁྲུག་ལོང་ཆེན་པོ་བྱུང་བས་ཕན་ཚུན་སྲོག་ཤོར་མང་བོ་བྱུང་ཞིང་། ལོ་ངོ་བདུན་གྱི་རིང་ལ་བོད་རྒྱ་འཁྲུགས་པ་མ་དྭངས་པས་སྤྲུལ་སྐུ་ཤེས་རབ་ཡེ་ཤེས་ལགས་ནས་བོད་རྒྱ་འཁྲུགས་པ་བསྡུམས་པར་བྱས་ནས་ཡུལ་ཁམས་ས་ཆ་ཀུན་ལ་ཞི་བདེར་བཅོས་པས་རྒྱ་ནག་གོང་མ་ཆེན་པོ་ཤན་ཏུང་གི་ཐུགས་རབ་ཏུ་མཉེས་ནས། སི་ཁྲོན་སུང་འཕན་སར་རིན་སྤུངས་བླ་མ་དེ་ལ། གོ་སའི་ཐོབ་ཐང་མིང་གང་འདོགས་ཞེས་རྒྱ་དཔོན་ཀུན་ལ་གྲོས་བསྡུར་བྱས་པས་རྒྱ་ཡི་མིང་དུ་འུག་ཙང་ལོ་པུས་ཞེས་པ། བོད་མིང་མཁན་པོ་ཞེས་བཏགས་ནས་སི་ཁྲོན་སུང་འཕན་རིན་སྤུངས་མཁན་ཆེན་ཤེས་རབ་ཡེ་ཤེས་ཞེས་མཚན་གསོལ། བཀས་གཟེངས་བསྟོད་དང་། བཀའ་ཤོག་གསེར་ཐམ། ན་བཟའ། དབུ་ཞྭ་བྱུར་ཏོག་རྨ་བྱའི་ལྡེམ་ཅན། ཕྲེང་བ། ཆེ་ལྷྭམ། མགྱོགས་བྱམས། རྡོ་རིང་སོགས་དང་། གཞན་ཡང་རྒྱ་ནག་གོང་མས་ཆེ་རྟགས་སུ་དེང་སང་རིན་སྤུངས་དགོན་པའི་ཧ་ཤང་གི་འཆམ་འདི་ཡང་དེ་དུས་རྒྱ་ནག་གོང་མས་སྤྱི་ལོ་༡༨༦༢ལོར་ཆེ་རྟགས་སུ་གནང་བ་ཡིན། མཁན་ཆེན་ཤེས་རབ་ཡེ་ཤེས་ཀྱི་ཐབས་ཐུགས་མ་འགག་པའི་འཕྲིན་ལས་ཟབ་མོས། རྒྱ་བོད་ཡོངས་ལ་མཐུན་སྒྲིལ་གྱི་འབྲེལ་བ་དམ་ཟབ་ཏུ་ཡོང་ཆེད་ལས་རྒྱུ་འབྲས་ཀྱི་བོན་བསྟན་ཞིང་འཇིག་རྟེན་མཐུན་འཇུག་གི་སྒོ་ནས་ཞལ་ཏ་དང་གྲོས་མོལ་ཡང་ཡང་གནང་བས་རྒྱ་བོད་ཀྱི་འཁྲུགས་ཟིང་བདེ་འཇགས་སུ་སོང་བའི་དགེ་མཚན་གྱིས། ཕྱིས་རྒྱ་བོད་ཀུན་ནང་མཐུན་མཛའ་བརྩེས་གཅིག་གིས་གཅིག་ལ་རྒྱབ་སྐྱོར་དང་རོགས་འདེགས་ཇེ་ལེགས་སུ་་སོང་གཤིས། ཧ་ཤང་གོང་མ་ཐུགས་རབ་ཏུ་མཉེས་ཏེ། ཁོང་སྐུ་ཉིད་ཞལ་དངོས་སུ་མཇལ་འདོད་སྐོམ་པ་ཆུས་གདུང་ལྟར་ཡོད་ཀྱང་། ས་ཐག་རིང་བ་དང་མཁན་ཆེན་སྐུ་ན་བགྲེས་ཤིང་། ཕེབས་བཞུད་དཀའ་བར་བརྟེན། རྒྱ་དཔོན་མྱེན་ཏཱ་རན་ལ་བརྒྱུད་དེ་ཕན་ཚུན་ངག་འཕྲིན་དང་འཚམས་འདྲིའི་ཞུ་འཕྲིན་གཏོང་རེས་ལས་ཕན་ཚུན་དངོས་སུ་མཇལ་བའི་གོ་སྐབས་མ་བྱུང་བས། ཕྱི་རབས་པ་རྣམས་ལ་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་ཧ་ཤང་གོང་མ་སྐུ་དངོས་སུ་བྱོན་པ་ལྟ་བུ་གཟི་བྱིན་བླ་ན་འབར་བའི་འདྲ་འབག་སྒེག་ཉམས་ཅན་ཞིག་དང་། དེའི་འཁོར་དུ་དམག་དཔོན་བཀན་ཡན་འཆང་གི་འདྲ་འབག་ཁྲོ་ཉམས་སྨ་ར་ཅན་ཟ་འོག་འབྲུག་རིས་ཅན་གྱི་འཆམ་གོས། ཆེ་ལྷྭམ། རྒྱན་ཕྲེང་། རྒྱ་གླིང་། རྒྱ་རྔ་ཟུང་ལྡན་སོགས་ལེགས་སྐྱེས་སུ་གནང་། ཟིང་ཆུ་མཁར་དུ་གཟིམ་ཁང་གོང་འཁོར་ཀ་བ་ལྔ་ཡི་ནང་རྟེན་ཀུན་དགའ་ར་བར་གསུང་རབ་དངུལ་བྲིས་པོད་བདུན་ཅུ། བོན་ས་དགེ་བཀའ་ཇོ་སོགས་ཀྱི་རྟེན་གཙོ་སྐུ་བརྙན་རེ་དང་། གཡས་གཡོན་ཀ་བ་བཅུ་རེ་སྒོ་ཆེན་དང་བཅས་པ། རྟ་ཁང་། ཚལ་ཞིང་། མཁོ་ཆས་གང་དགོས་སོགས་གནང་སྦྱིན་རྒྱ་ཆེར་བགྱིས་པའོ། སྤྲུལ་སྐུ་དེས་ཐབས་ཐུགས་མ་འགག་པའི་མཛད་འཕྲིན་མཐའ་ཡས་མངའ་ཞིང་། ཕྱོགས་ཕྱོགས་ནས་བླ་མ་སྤྲུལ་སྐུའི་འཁོར་སློབ་ཀྱང་བརྒྱ་ཕྲག་དུ་མ་བྱུང་། དེ་འདྲའི་མཛད་རྣམ་ཞིབ་རྒྱས་གཞན་དུ་བལྟ་བར་བྱའོ། །དེ་ལྟར་བོན་སྲིད་གཉིས་ཀྱི་མཛད་འཕྲིན་བླ་ན་མེད་པའི་སྐྱོང་བའི་མཐར་དགུང་གྲངས་དོན་ལྔའི་སྟེང་དུ་འོག་མིན་གནས་སུ་ཞིང་ལ་གཤེགས་པའོ། །

བླ་རབས་གསུམ་པ་སྐྱང་བཙུན་རིན་པོ་ཆེའི་སྤྲུལ་སྐུ་བསྟན་འཛིན་ཕུན་ཚོགས་དབང་རྒྱལ་ནི། འབྲོག་ཡུལ་རྣ་གཙང་མ་ཞེས་བྱ་བར་སྐུ་འཁྲུངས་ཤིང་། མཁན་ཆེན་ཤེས་རབ་ཡེ་ཤེས་ཀྱིས་ངོས་འཛིན་གནང་སྟེ་གདན་སར་བཀོད་ནས་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་འབྲི་ཀློག་སོགས་ལེགས་པར་སྦྱང་། དབུས་གཙང་ཕྱོགས་སུ་ཕེབས་ཏེ་ཐོས་བསམ་བསླབ་གཉེར་དང་སྒོམ་སྒྲུབ་ཉམས་ལེན་མཛད་ཅིང་། ཁྱད་པར་དུ་མཁན་ཆེན་བསྐལ་བཟང་ཉི་མ་སོགས་བླ་མ་དུ་མའི་མདུན་ནས་དབང་ལུང་ཁྲིད་གསུམ་དང་གདམས་པ་མང་དུ་ཞུས། སྐུ་ཚེ་གཅིག་ལ་བསྙེན་སྒྲུབ་དང་ཉམས་ལེན་ཁོ་ནར་བསྐྱལ་བའོ། །

བླ་རབས་བཞི་བ་མཁན་ཆེན་ཤེས་རབ་ཡེ་ཤེས་མཆོག་གི་སྤྲུལ་སྐུ་རིན་སྤུངས་ཤེས་རབ་རྣམ་རྒྱལ་ནི། དམུ་དགེ་ཡུལ་དུ་ཤེལ་བོད་ཚང་ལ། རབ་བྱུང་བཅོ་ལྔ་བ། མྱོས་བྱེད་ཞེས་པ་ཤིང་མོ་ལུག་གི་ལོར། སྤྱི་ལོ་༡༨༩༥ལོར་ཡུམ་ཀླུ་མོ་ཐར་དང་ཡབ་〔མིང་གསལ〕གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཞིའི་སྟེང་མཁན་ཆེན་ཤེས་རབ་ཡེཤེས་ཀྱི་ཡང་སྤྲུལ་དུ་ངོས་འཛིན་གནང་། སྐུ་ན་ཆུང་དུས་ནས་ཆུ་རྐ་རྟོགས་ལྡན་དྲུང་ནས་ཡི་གེ་འབྲི་ཀློག་སོགས་ལ་སྦྱངས། དགུང་ལོ་བདུན་གྱི་སྟེང་ལ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་མདུན་ནས་འབུད་རྡུང་བཅའ་གཞི་སོགས་འདོན་ཆའི་སྐོར་ལ་སྦྱངས་པ་བྱས། བླ་མ་ལྷུན་གྲུབ་རྒྱལ་མཚན་དྲུང་ནས་སྔོན་འགྲོའི་ཁྲིད་ཞུས་ཕྱག་དང་བསགས་སྦྱངས་བྱས། ལོ་དགུའི་སྟེང་ལ་དབལ་གསས་སྒྲུབ་པའི་ཞོར་དུ་སེམས་ཁྲིད་སེམས་སྦྱངས་འཕོ་སྦྱངས་སོགས་ལ་བརྩོན། ལོ་བཅུ་སྟེང་ལ་གསང་གཅོད་སྒྲུབ་པ་དང་རི་བརྒྱ་འགྲིམ་པ་དང་རྩ་རླུང་བཅུད་ལེན་མུན་མཚམས་ལ་སོགས་སྦྱངས། རང་ལོ་བཅུ་གཉིས་སྟེང་གདན་སར་བཀོད། བཅོ་ལྔའི་སྟེང་ནས་མཁར་ཡག་ངག་དབང་རྣམ་རྒྱལ་གྱི་སྐུ་མདུན་ནས། སྔོན་འགྲོ་དངོས་གཞི་སོགས་ལ་སྐྱར་སྦྱངས་དང་རིག་གནས་ཆེ་ཆུང་ཅི་རིགས་ལ་འབད་པར་གནང་། དགུང་གྲངས་ཉེར་གཅིག་སྟེང་དབུས་གཙང་ཕྱོགས་མཇལ་སྐོར་ལ་གྲྭ་ས་ཡ་བཞི་དང་དར་ལྡིང་སོགས་ལ་ཕེབས་ནས་བླ་མ་དུ་མའི་མདུན་ནས་དབང་གདམས་སོགས་ཞུས། དགུང་ལོ་ཉེར་གསུམ་སྟེང་རྔ་ལྗོངས་རྟོགས་ལྡན་བཀྲ་ཤིས་འཁྱིལ་གླིང་ལ་ཕེབས་ནས་འཇའ་ལུས་པ་ཀུན་མཁྱེན་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་མཆོག་སྐུ་དངོས་སུ་མཇལ། ཤར་རྫ་བའི་མདུན་ནས་རྫོགས་ཆེན་སྐུ་གསུམ་རང་ཤར་སོགས་ཀྱི་ཕྱི་ནང་གསང་གསུམ་གྱི་དབང་ལུང་ཁྲིད་ཀྱི་ཟབ་མོ་གདམས་པ་སོགས་ཞུས། ཚུལ་ཆེན་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་མདུན་ནས་ཀྱང་ཁྲིད་ལུང་དུ་མ་ཞུས། ཉེར་བཞིའི་སྟེང་གདན་སར་ཕེབས་ནས་ཀུན་མཁྱེན་ཤར་རྫ་བའི་བཀའ་བཞིན་སྒྲུབ་གྲྭ་དང་བཤད་གྲྭ་རྩོད་པའི་སྲོལ་བཙུགས་ཤིང་ལོ་ངོ་བཅུ་ལྷག་ནས་རབ་འབྱམས་མཚན་རྟགས་བཞེས་མཁན་བཅོ་ལྔ་ཙམ་བྱུང་། དེ་ལྟར་བཤད་སྒྲུབ་བསྟན་པའི་སྲོལ་ཆེན་བཙུགས་ནས་ཡུལ་ཕྱོགས་དེར་སངས་རྒྱས་བསྟན་པ་ཉི་འོད་བཞིན་དུ་གསལ་བ་བྱས། རྣམ་ཐར་རྒྱས་པ་གཞན་དུ་གསལ་བ་ཡོད་དོ། །

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།