རིན་སྤུངས་དགོན་པའི་ལོ་རྒྱུས་ཀྱི་འཕོ་འགྱུར།

བླ་རབས་ལྔ་བ་སློབ་དཔོན་བསྐལ་བཟང་དར་རྒྱས་ནི། ཨ་སྟོང་དྲང་ཚང་ཡབ་ལྕགས་པོ་འབྲུག་དང་་ཡུམ་ལྕགས་སྨན་གཉིས་སུ་སྲས་སུ་སྤྱི་ལོ༡༩༢༦ལོ་བོད་ཟད་པ་ཞེས་པའི་རབ་བྱུང་བཅོ་ལྔ་བ། མེ་སྟག་ལོའི་དབྱར་ཟླའི་ཚེས་བཟང་ལ་སྐུ་འཁྲུངས། ཆུང་ནས་གཤིས་བཟང་དགེ་མཚན་གྱིས་བརྟས། རིན་སྤུངས་མཆོག་སྤྲུལ་ཤེས་རབ་རྣམ་རྒྱལ་གྱི་རྗེས་སུ་བཟུང་ནས་རབ་ཏུ་བྱུང་། མཆོག་སྤྲུལ་མདུན་ནས་ཐུན་མོང་རིག་གནས་བརྡ་དག་སྙན་གསུམ་དང་ཐུན་མོང་མ་ཡིན་པའི་མདོ་སྔགས་རྫོགས་གསུམ་གྱི་ཁྲིད་ཅི་རིགས་ཞུས། ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དང་དགེ་ལྡན་པའི་གདན་ས་ཆེན་མོ་འབྲས་སྤུངས་སོགས་སུ་ཕེབས་ནས་ལོ་ངོ་དུ་མའི་རིང་ལ་རིས་མེད་ཀྱི་གཞུང་ལུགས་ལ་སྦྱངས་པར་བྱས་ཤིང་། བོན་གྱི་གདན་ས་ཆེན་མོ་རབ་ལེགས་གཡུང་དྲུང་གླིང་དུ་བཞུགས་ནས་དགོན་དེ་ཀའི་དཔེ་མཛོད་ཁང་དུ་བཞུགས་ནས་སྔོན་ཆད་མཇལ་མ་མྱོང་བའི་དཔེ་གཞུང་མང་བོ་ཞིག་མཇལ་བ་དང་དཔེ་གཞུང་དེ་དག་ཀུན་ཐོ་བཀོད་གནང་བ་དེ་ཁོང་གི་གསུང་འབུམ་ནང་དུ་གསལ། རིག་གསར་སྐབས་དཀའ་ཁག་དུ་མར་བརྒྱུད་སླར་སྲིད་ཇུས་ཡང་དུ་སོང་སྐབས་རིན་སྤུངས་དགོན་པ་དང་ཟིང་ཆུ་དགོན་ལག་བཅུ་གསུམ་གྱི་དགོན་པ་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་དཔོན་སློབ་ཀྱི་འགན་བཞེས་གནང་ནས་འཁོར་སློབ་བརྒྱ་ཕྲག་དུ་མ་ལ་རིག་གནས་ཆེ་ཆུང་དང་གཞུང་ལུགས་ཀྱི་དཔེ་ཁྲིད་གནང་ནས་བཀའ་འབྱམས་པའི་དགེ་བའི་བཤེས་གཉེན་གྱི་མཚན་བཞེས་གནང་མཁན་བཅུ་ཕྲག་འགའ་ཞིག་བྱུང་། ད་དུང་རྒྱལ་ཕྱི་ནང་གི་སྤྱི་ཚོགས་སྟེང་གི་དགེ་རྒན་དང་རབ་འབྱམས་པ། ཞིབ་འཇུག་པ། སློབ་མ་གང་མང་ཞིག་ལ་བོད་རིག་པའི་རིག་གཞུང་སྐོར་འཆད་ཁྲིད་གནང་། མཐར་དགུང་ལོ་རེ་བཞི་བ་རབ་བྱུང་བཅུ་བདུན་པའི་ས་སྦྲུལ་ལོའི་〔སྤྱི་ལོ་༡༩༨༩〕ཡོས་ཟླ་བདུན་པའི་ཚེས་དྲུག་ཉིན་དགོངས་པ་བོན་དབྱིངས་སུ་གཤེགས་པའོ། །གསུང་རྩོམ་ལའང་ཞྭ་དཀར་བསྟན་པའི་ལོ་རྒྱུས་དང་སྡུད་གྲྭ། མཚན་ཉིད་གསུམ་གྱི་རྣམ་བཞག སྙན་ངག་རིན་ཆེན་ལྡེ་མིག མངོན་བརྗོད། བརྡ་དག་སོགས་གསུངས་པའོ། །༢༠༠༩ལོར་གསུང་འབུམ་དག་ཕྱོགས་བསྒྲིགས་བྱས་ཏེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས་ཡོད། ཁོང་གི་རྣམ་ཐར་རྒྱས་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་མཛད་པ་དེར་གསལ་ལོ། །

བླ་རབས་དྲུག་པ་གྲྭ་ཚང་བླ་མ་བསྟན་པ་རྒྱལ་མཚན་ནི། ཤར་དུང་རིའི་མདུན་ཨ་སྟོང་ཁང་གསར་ཚང་ཞེས་པར་སྐུ་འཁྲུངས། ཆུང་ནས་འབྲི་ཀློག་འདོན་གསུམ་སོགས་ལ་སྦྱང་མཐར་སོན་པར་གནང་། རིན་སྤུངས་ཤེས་རབ་རྣམ་རྒྱལ་སོགས་བླ་མ་བཅུ་ཕྲག་ལྷག་བསྟེན་ནས་བོན་ཕྱི་ནང་གསང་བའི་གདམས་པ་ཞུས། མཐར་དགུང་ལོ་གྱ་གཅིག་སྟེང་། རྒྱལ་བ་གཉིས་པ་མཉམ་མེད་བླ་མའི་དུས་ཆེན་ཉིན་བོད་ཟླ་དང་བོའི་ཚེས་ལྔའི་ཉིན་གྲྭ་མང་གླིང་སྐོར་ལ་ཕེབས་དུས་ཁོང་གིས་ཀྱང་བདེ་ཆེན་རྒྱལ་པོ་གསུང་གྱིན་ཕྱག་ཐལ་མོ་སྦྱར་བཞིན་དགོངས་པ་རྫོགས་པའོ། །

བླ་རབས་བདུན་པ་གྲྭ་ཚང་བླ་མ་པད་མ་འོད་ཟེར་ནི། སློབ་དཔོན་རིན་པོ་ཆེ་བསྐལ་བཟང་དར་རྒྱས་ཀྱི་སྐུ་ཚ་ཡིན་ལ། བླ་མ་ཁོང་སྐུ་ན་ཆུང་དུས་ནས་སློབ་དཔོན་རིན་པོ་ཆེ་མཉེས་པ་གསུམ་གྱི་སྒོ་ནས་བསྟེན་ཏེ་སུམ་རྟགས་དག་གསུམ་སྙན་ངག་སྡུད་གྲྭ་ཆུང་འབྲིང་ཆེ་གསུམ་ས་ལམ་ཕར་ཕྱིན་སོགས་དཔྱིས་ཕྱིན་པར་སྦྱངས་པ་བྱས་ཏེ་མཐར་བཀའ་རབ་འབྱམས་པའི་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས། གཞན་ཡང་སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་དང་རྟོགས་ལྡན་མཆོག་སྤྲུལ་རྣམ་གཉིས་སོགས་བསྟེན་ནས་དབང་ལུང་ཁྲིད་གསུམ་སོགས་ཞུས་བཞིན་པ་ལགས་སོ། །

བླ་རབས་བརྒྱད་པ་གྲྭ་ཚང་བླ་མ་གཡུང་དྲུང་ཚུལ་ཁྲིམས་ནི། ཤར་དུང་རིའི་ཉེ་འདབས་གཡང་རྟེན་དུ་སྐུ་འཁྲུངས་ནས་དགུང་གྲངས་ཆུང་དུས་ནས་སློབ་དཔོན་རིན་པོ་ཆེ་བསྐལ་བཟང་དར་རྒྱས་མཆོག་བསྟེན་ནས་ཕྱི་ནང་གསང་གསུམ་གྱི་དབང་ལུང་ཁྲིད་གདམས་སོགས་ཞུས་པ་དང་སྐྱང་སྤྲུལ་དྲི་མེད་འོད་ཟེར་སོགས་ནས་དབང་ལུང་སོགས་ཞུས་བཞིན་པའོ། །

 

རིན་སྤུངས་དགོན་པའི་བཟོ་བཀོད་ཀྱི་སྒྲིག་གཞི་སོགས་ཀྱི་སྐོར།

དེ་ཡང་རིན་སྤུངས་དགོན་པའི་བཟོ་བཀོད་སོགས་ཀྱི་སྐོར་བཤད་པ་ལ། སྤྱིར་རིན་སྤུངས་ཞེས་མིང་ཐོགས་ཚུལ་ནི། རིན་ཆེན་སྤུངས་པ་འདྲ་བའི་ས་མིག་གི་སྟེང་ན་ཆགས་ཡོད་པས་རིན་སྤུངས་ཞེས་འབོད་པ་ཡིན་ལ། དགོན་འདིའི་མཐའ་ན་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་འབུར་ཐོན་དང་རྩི་ཤིང་དང་མེ་ཏོག་གི་རིགས་དཀར་སེར་དམར་སྔོ་མང་བོ་སྤུངས་པའི་སྟེང་ན་ཆགས་པས་དེ་ལྟར་ཐོགས་ཞེས་གྲགས། དགོན་པའི་འདུ་ཁང་སོགས་བཞེངས་ཚུལ་ལ། སྤྱིར་སྐྱང་བཙུན་གཡུང་དྲུང་བསྟན་པའི་རྒྱལ་མཚན་གྱི་རི་ཁྲོད་ཀྱི་ཚུལ་དུ་འདུ་ཁང་ཞིག་བཞེངས་པར་གྲགས། དེའི་རྗེས་སུ་མཁན་ཆེན་ཤེས་རབ་ཡེ་ཤེས་མཆོག་གིས་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་ཞེས་པའི་མཚན་གསོལ་གནང་སྟེ་སྔར་ཡོད་ཀྱི་རི་ཁྲོད་དེ་དགོན་པར་བསྒྱུར་ནས་ཚོགས་ཁང་ཆེན་མོ་དང་ཇ་ཁང་བླ་བྲང་སོགས་གསར་བཞེངས་མཛད་ཅིང་། བླ་རབས་བཞི་བ་མཆོག་སྤྲུལ་ཤེས་རབ་རྣམ་རྒྱལ་གྱིས་འཚོགས་ཁང་སོགས་ཀྱི་སྟེང་། བཤད་གྲྭ་ཁང་དང་སྒྲུབ་གྲྭ་ཁང་སོགས་གསར་བཞེངས་གནང་། རིག་གསར་སྐབས་སུ་དགོན་པའི་འདུ་ཁང་སྒྲུབ་གྲྭ་ཁང་སོགས་རྩ་མེད་དུ་བཏང་། སླར་ཡང་སྲིད་ཇུས་ལྷོད་གྲོལ་བྱུང་དུས་སློབ་དཔོན་རིན་པོ་ཆེ་བསྐལ་བཟང་དར་རྒྱས་མཆོག་དང་གྲྭ་ཚང་བླ་མ་བསྟན་པ་རྒྱལ་མཚན། སྒྲུབ་གྲྭའི་བླ་མ་བརྩོན་འགྲུས་ཚུལ་ཁྲིམས་རྣམ་གསུམ་ཐུགས་འགན་རྒྱ་ཆེ་བཞེས་ཏེ་དགོན་པའི་འཚོགས་ཁང་ཆེན་མོ་དང་སྒྲུབ་གྲྭ་ཁང་སྐུ་གདུང་ཁང་ཇ་ཁང་སྤྱི་ཁང་སོགས་བསྐྱར་བཞེངས་མཛད། དེང་གི་དུས་འདིར་ཡང་གྲྭ་ཚང་བླ་མ་གཡུང་དྲུང་ཚུལ་ཁྲིམས་མཆོག་དང་སྒྲུབ་གྲྭའི་དཔོན་སློབ་ལྷུན་གྲུབ་བསྟན་འཛིན། དགོན་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རྒན་གཞོན་སོགས་ཀྱིས་གཙོ་འགན་བཞེས་ནས་དགོན་པའི་ཕྱི་ནང་གི་འཛུགས་བསྐྲུན་ཡང་དག་པ་བྱས་ཡོད་པའོ། །

རིན་སྤུངས་དགོན་པ་རིག་གསར་རྗེས་སུ་གསར་བཞེངས་མཛད་མཁན།

སྤྱིར་བོད་ཀྱི་མདོ་དབུས་ཁམས་གསུམ་ལ་རིག་གསར་སྐབས་སུ་བོད་ཀྱི་རིག་གནས་དམངས་སྲོལ་དང་ལྷག་པར་དུ་དགོན་སྡེ་ཁག་ལ་སྔོན་ཆད་བྱུང་མ་མྱོང་བའི་གོད་ཆག་ཞིག་བྱུང་བ་ཀུན་གྱིས་མཁྱེན་གསལ་ལྟར་རེད། དགོན་པ་འདི་ཉིད་ཀྱང་དེ་ལྟར་གོད་ཆག་ཆེན་པོ་བྱུང་སྟེ་ཕྱིའི་ལྷ་ཁང་འདུ་ཁང་སྒྲུབ་ཁང་སོགས་དང་། ནང་གི་སྐུ་གསུང་ཐུགས་རྟེན་གྱི་རྟེན་ལྷ་རྫས་མཆོད་རྫས་སོགས་རིན་གོང་སྲིད་ན་ཚོད་འཛིན་དཀའ་བའི་རིག་དངོས་དུ་མ་ཞིག་རྩ་བརླག་ཏུ་སོང་བ་རེད། སླར་ཡང་སྲིད་ཇུས་ལྷོད་དུ་སོང་སྟེ་སྲིད་གཞུང་ནས་ཀྱང་དགོན་སྡེ་དག་གསར་བཞེངས་ཆོག་པའི་རང་དབང་སྤྲད་པ་དང་། དགོན་འོག་མི་སེར་ཚང་མས་རེ་བ་ལྟར་རྟོགས་ལྡན་བསྟན་པ་རྒྱལ་མཚན་མཆོག་དགོན་པའི་གྲྭ་ཚང་བླ་མར་བསྐོས་བཞག་དང་མཁས་དབང་བསྐལ་བཟང་དར་རྒྱས་རིན་པོ་ཆེ་མཆོག་སློབ་དཔོན་ལ་ཁྲི་བཀོད་གནང་ནས་བླ་དཔོན་ཁོང་རྣམ་གཉིས་ནས་ཐུགས་འགན་གཙོར་བཞེས་ནས་སྔར་ཡོད་ཀྱི་བླ་རྒན་རྣམ་པ་དང་གསར་བཞུགས་ཀྱི་གྲྭ་བཙུན་རྣམ་པ་ཀུན་གྱིས་དཀའ་ཁག་གང་ལ་ཡང་མ་འཛེམས་པ་གྲྭ་ཚང་བླ་མ་སོགས་གྲྭ་གཞོན་འགའ་འབུལ་བསྡུད་ལ་ཕེབས་པ་དང་། གཞན་དཔོན་སློབ་ཚང་མས་དགོན་པ་གསར་བཞེངས་ལས་འགུལ་ལ་དངོས་བཞུགས་གནང་ནས་འདུ་ཁང་ཆེན་མོ་དང་སྒྲུབ་ཁང་། སྐུ་གདུང་ཁང་སོགས་གསར་བཞེངས་མཛད། སྤྱི་ལོ་༡༩༩༠ལོ་ནས་དགེ་སློང་བརྩོན་འགྲུས་ཚུལ་ཁྲིམས་མཆོག་ཉིད་སྒྲུབ་གྲྭའི་བླ་མར་ཁྲི་འདོན་གནང་ནས་སྒྲུབ་གྲྭ་བསྐྱར་གསོ་མཛད་དེ་སྒྲུབ་གྲྭ་བ་རྣམས་ཀྱི་བཞུགས་ཤག་དང་འདུ་ཁང་སོགས་གསར་བཞེངས་མཛད་ནས་ད་བར་དུ་སྒྲུབ་གྲྭ་ལོ་ངོ་ཉི་ཤུ་ལྷག་ཕྱིན་པའི་རིང་ལ་དབུས་གཙང་དང་ཁམས་སོགས་ནས་སྒྲུབ་གྲྭར་བཞུགས་མཁན་དུ་མ་བྱུང་བ་དང་། ལོ་རེའི་མཚམས་སུ་བོན་གྱི་གདན་ས་ཆེན་མོའི་དགེ་སློང་ཤེས་རབ་བསྟན་འཛིན་མཆོག་དང་སྐྱང་སྤྲུལ་དྲི་མེད་འོད་ཟེར། རྟོགས་ལྡན་ཁྲི་བ་རིན་པོ་ཆེ་སོགས་གཙོ་བོར་བྱས་པའི་ཕྱོགས་ངེས་མེད་ནས་བླ་སྤྲུལ་དུ་མས་སྒྲུབ་གྲྭ་བ་རྣམས་ལ་དབང་ལུང་ཁྲིད་གདམས་ཀྱི་མན་ངག་གནང་བཞིན་པའོ། རང་དགོན་གྱི་གྲྭ་གཞོན་ཚང་མ་སྒྲུབ་གྲྭར་བཞུགས་ནས་སྒོམ་སྒྲུབ་ཉམས་ལེན་ལ་ལོ་ངོ་དུ་མའི་རིང་ལ་གཞོལ་བཞིན་པ་ལགས། སྒྲུབ་གྲྭའི་དཔོན་སློབ་ཀྱང་དང་ཐོག་ལོ་ངོ་གསུམ་གྱི་རིང་ལ་རིན་སྤུངས་ཨ་ལགས་ཚང་གི་རྒྱལ་ཚབ་བ་ཨ་ཁུ་ཚངས་སྐྱབས་སམ་ཤེས་རབ་དཔལ་འབྱོར་མཆོག་ནས་གནང་བ་དང་། དེ་ནས་དེང་གི་བར་དུ་སློབ་དཔོན་རིན་པོ་ཆེ་བསྐལ་བཟང་དར་རྒྱས་མཆོག་གི་ཐུགས་སྲས་དམ་པ་སྒྲུབ་སློབ་ལྷུན་གྲུབ་བསྟན་འཛིན་མཆོག་ནས་ཐུགས་འགན་བཞེངས་བཞིན་པའོ། །

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།