རིན་སྤུངས་དགོན་པའི་ལོ་རྒྱུས་ཀྱི་འཕོ་འགྱུར།
|
རིན་སྤུངས་དགོན་པའི་ཆོས་ལུགས་ཀྱི་བྱེད་སྒོ། བོད་ཟླ་དང་བོའི་ཚེས་༤ནས་༦བར་དུ་རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གི་འདས་མཆོད་ཆེན་མོ་འཚོགས་པ་དང་། ཚེས་ལྔའི་ཉིན་ལ་མཉམ་མེད་ཆེན་པོའི་གོས་སྐུ་ཆེན་མོ་གཤམ་སྟོན་གནང་ཞིང་། དམངས་ཚོགས་ཐམས་ཅད་ཀྱང་གོས་སྐུ་ཆེན་མོ་མཇལ་བའི་དུས་ཆེན་ཞིག་ཡིན། ཟླ་དང་བོའི་ཚེས༩ནས་ཚེས་༡༦་བར་དུ་སྨོན་ལམ་ཆེན་མོ་འཚོགས་པ་དང་ལོ་གསུམ་རེའི་མཚམས་སུ་ཚེས་དགུའི་ཉིན་ལ་སྒྲུབ་གྲྭ་རྙིང་བ་རྣམས་ཕྱིར་ཐོན་པ་དང་གསར་བ་རྣམས་བཞུགས་པ་དང་། བླ་སློབ་གྲྭ་བ་ཚང་མས་བསུ་སྐྱེལ་སོགས་གནང་བ། བོད་ཟླ་གསུམ་པའི་ཚེས༢༥ནས་ཚེས་༢༧བར་དུ་རིན་སྤུངས་ཨ་ལགས་ཚང་ངམ་མཆོག་སྤྲུལ་ཤེས་རབ་རྣམ་རྒྱལ་གྱི་འདས་མཆོད་ཆེན་མོ་སྟེ་གསང་སྔགས་མ་རྒྱུད་ཀྱི་ཚོགས་འཁོར་རྒྱ་ཆེ་འབུལ་བ། བོད་ཟླ་བཞི་བའི་ཚེས༦ནས་ཚེས་༡༧བར་དུ་དབྱར་གནས་ཆེན་མོར་གནས་ཏེ་གཞི་གསུམ་གྱི་ཆོ་གའི་ལག་ལེན་ཇི་བཞིན་དུ་འཚོགས། ཚེས་༡༥དང་༡༦་ཉིན་གཉིས་རིང་ལ་དགོན་པའི་འཆམ་རྒྱག་པ་སྟེ་དགོན་པའི་ལོ་གཅིག་གི་དུས་ཆེན་ཆེན་པོ་ཞིག་ཡིན། འཆམ་ལའང་། ཁྲོ་འཆམ་དང་། རྒྱ་ནག་ཧ་ཤང་། རྣམ་བརྒྱད། དུར་ཁྲོད། གཟེར་གྱད་བྱིན་གསུམ་འཆམ། སེང་འཆམ། ཤ་འཆམ། གར་འཆམ། ཨ་ཙ་ར། འགུག་སྒྲོལ་སྟབས་གསུམ། གཤེན་རབ་དགུ་འཆམ་སོགས་འཆམ་རྒྱག་པ་དང་། དགོང་དྲོར་གཏོར་རྒྱག་བྱས་ཏེ་མདོས་སྐྱེལ་པ་དང་བྲོ་བརྡུང་ལྷ་རྒྱལ་སོགས་ཀྱིས་དུས་ཆེན་གྱི་མཐའ་བསྡུད་པའོ། །དུས་ཆེན་ལ་ཕྱོགས་སོ་སོ་ནས་ཕེབས་པའི་སྐྱ་སེར་སྟོང་ཕྲག་དུ་མ་འཛོམས། ཟླ་དྲུག་པའི་ཚེས་༦ནས་ཚེས་༩དགུའི་བར་རྣམ་རྒྱལ་སྟོང་མཆོད་འཚོགས་པ་དང་། ཚེས་༨ཉིན་ལ་དགོན་པའི་བླ་གྲྭ་ཚང་མས་ལ་བཙས་གསོལ་ནས་བསང་མཆོད་དང་མདའ་དར་སོགས་ཀྱིས་ལ་བཙས་བསྟོད་པའོ། ། ཟླ་བདུན་པའི་ཚེས་༦ཉིན་སློབ་དཔོན་རིན་པོ་ཆེ་བསྐལ་བཟང་དར་རྒྱས་མཆོག་གི་འདས་མཆོད་ལ་ཀུན་མཁྱེན་ཤར་རྫ་བའི་རྫོགས་ཆེན་གཞུང་བཞིའི་ཚོགས་འཁོར་འབུལ་བ། ཟླ་དགུ་བའི་ཚེས་༡༤ནས་ཚེས་༡༦་བར་དུ་སྨྱུག་གནས་འཚོགས་པ། སྐྱ་སེར་བརྒྱ་ཕྲག་དུ་མས་བསྙེན་སྨྱུང་ལ་གནས་པ། ཟླ་དགུ་བའི་༡༧་ནས་ཚེས་༢༣་བར་དུ་ལོ་རེར་རེས་མོ་བཞིན་ལོ་གཅིག་ལ་ཕུར་བའི་གྱེར་མོ་འཚོགས་པ་དང་། ལོ་གཅིག་ལ་ཕུར་བའི་སྒྲུབ་པ་ཆེན་མོ་འཚོགས་པའོ། ། རིན་སྤུངས་དགོན་པའི་དཔལ་འབྱོར་ཡོང་ཁུངས། གྲྭ་ཚང་འཚོགས་སྐབས་ཀྱི་འགྲོ་སོང་སོགས་ཕལ་ཆེར་དགོན་སྡེའི་དམངས་ཚོགས་ཀྱིས་ཕུལ་བ་ཤ་སྟག་ཡིན། སྐབས་རེར་དགོན་པའི་འཚོགས་ཐེངས་རེ་ལ་དམངས་ཚོགས་སྦྱིན་བདག་རེ་རེས་འབུལ་མཁན་ཀྱང་ཡོད། དགོན་པའི་འཛུགས་བསྐྲུན་ཐད་ཀྱི་ཡོང་ཁུངས་ཕལ་ཆེར་གྲྭ་ཚང་བླ་མ་སོགས་ཀྱིས་དམངས་ཚོགས་སྦྱིན་བདག་ལ་བསོད་སློང་བྱས་ཏེ་བསྐྲུན་པ་དང་། གྲྭ་བའི་ཡོང་འབབས་སམ་འཚོ་བའི་ཡོངས་འབབས་ཚང་མ་སོ་སོའི་ཁྱིམ་ནས་ཕུལ་བཞིན་ཡོད། རིན་སྤུངས་དགོན་པ་དང་དགོན་པ་གཞན་དག་གི་འབྲེལ་བ། རིན་སྤུངས་དགོན་པ་དང་དགོན་པ་གཞན་དག་དང་འབྲེལ་བ་དུས་གང་ལ་བྱུང་ཟེར་ན་དང་ཐོག་སྐྱང་བཙུན་རིན་པོ་ཆེ་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རི་དགོན་དང་འབྲེལ་བ་བྱུང་བའི་ཚུལ་ཏེ་གོང་གི་སྐྱང་བཙུན་མཛད་རྣམ་བསྡུས་པ་ལས་གསལ་བ་བཞིན་དང་། དེ་ནས་མདོ་སྨད་འཕགས་པ་རྣམ་གསུམ་གྱི་ནང་ཚན་གཙོ་འཕགས་ཟླ་བ་རྒྱལ་མཚན་གྱི་གདན་ས་གཙོ་ཚང་སྨིན་གྲོལ་བསྟན་རྒྱས་གླིང་དེའི་དགོན་བདག་གཙོ་ཚང་དབོན་པོ་དེ་ཉིད་ཀྱིས་སྐྱང་བཙུན་རིན་པོ་ཆེ་བླ་མར་བསྟེན་ནས་གདན་ས་གཙོ་ཚང་དགོན་དེ་ཡང་རིན་སྤུངས་དགོན་པའི་དགོན་ལག་ཏུ་གྱུར་བའོ། །དེ་ནས་མཆོག་སྤྲུལ་ཤེས་རབ་རྣམ་རྒྱལ་སྐབས་སུ་ཟིང་ཆུའི་དགའ་མལ་དགོན་པ་དང་འབྲེལ་བ་བྱུང་ནས་མཆོག་སྤྲུལ་ཁོང་ཉིད་མཁར་ཡག་མཁས་པའི་མདུན་ནས་དབང་ལུང་ཁྲིད་གདམས་སོགས་དུ་མ་ཞུས་མྱོང་། ཡང་མཆོག་སྤྲུལ་ཤེས་རབ་རྣམ་རྒྱལ་ཁོང་གིས་ཐུགས་འགན་གཙོ་བོར་བཞེས་ནས་ཟིང་ཆུ་དགོན་ལག་བཅུ་གསུམ་མཉམ་མཛོམས་ཀྱི་ལོ་རེ་ལ་ཐེངས་གཉིས་རེ་དགོན་ལག་བཅུ་གསུམ་པོའི་བླ་གྲྭ་ཚང་མ་འཚོགས་རྒྱུའི་གྲོས་འགོ་གནང་ནས་དུས་དེང་གི་བར་དུ་འཚོགས་བཞིན་པ་དང་དགོན་ལག་བཅུ་གསུམ་གྱི་དབུ་བླ་ཡང་མཆོག་སྤྲུལ་ཁོང་ཉིད་བཀོད་པ་དང་། ད་དུང་མཆོག་སྤྲུལ་ཤེས་རབ་རྣམ་རྒྱལ་སྐུ་དངོས་རྔ་ཡུལ་བོན་གྱི་འདུས་སྡེ་ཆེན་མོ་རྟོགས་ལྡན་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཀུན་མཁྱེན་ཤར་རྫ་བ་དང་མཁས་དབང་ཚུལ་ཆེན་བསྟན་པའི་རྒྱལ་མཚན་སོགས་ལ་བསྟེན་ནས་དགོན་དེ་ཀ་དང་འབྲེལ་བ་ཆེན་པོ་བྱུང་བ་ལྟར་དུས་ད་ལྟའི་བར་དུའང་རྟོགས་ལྡན་དགོན་དང་རིན་སྤུངས་དགོན་གཉིས་བར་ནས་འབྲེལ་འདྲིས་བྱུང་དང་འབྱུང་བཞིན་ཡོད། གཞན་ཟིང་ཆུའི་དཔྱོད་དཔྱིད་བསམ་འགྲུབ་དགོན་སོགས་དང་འབྲེལ་བ་བྱུང་སྟེ་བསམ་འགྲུབ་དགོན་དེ་རིན་སྤུངས་དགོན་པའི་དགོན་ལག་ཏུ་གྱུར་ནས་ལོ་རེའི་མཚམས་སུ་བསམ་འགྲུབ་དགོན་པའི་དུས་ཆེན་སྐབས་སུ་རིན་སྤུངས་དགོན་པའི་གྲྭ་བ་དག་ཕེབས་ནས་འཆམ་ལ་སོགས་རྒྱག་སྲོལ་ཡོད། ད་དུང་རྒྱ་ནག་ཁྲེན་ཏུའུ་ཏོ་ཆོ་དགོན་དང་འབྲེལ་བ་བྱུང་རབས་ཀྱང་གྲགས་ཀིན་འདུག རིན་སྤུངས་དགོན་པའི་རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་དགོན་པ་བདག་གཉེར། རིན་སྤུངས་དགོན་པ་ནི་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རིང་ལུགས་དྲི་མེད་འཛིན་པའི་འདུས་སྡེ་ཞིག་ཡིན་ལ། དགོན་པའི་སྒྲིག་གཞི་དང་བཅའ་ཡིག་སོགས་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་བཅའ་ཡིག་ལྟར་གཙོ་བོ་འདུལ་བ་འཛིན་པའི་འདུས་སྡེ་ཞིག་ཡིན་ལ། རབ་ཏུ་མ་བྱུང་བ་འཚོགས་གྲལ་དུ་བཞུགས་མི་ཆོག་པ་དང་། སྒྲུབ་གྲྭའི་བཅའ་ཡིག་སྒྲིག་ཁྲིམས་དེ་མཆོག་སྤྲུལ་ཤེས་རབ་རྣམ་རྒྱལ་གྱིས་ཀུན་མཁྱེན་ཤར་རྫ་བའི་ཕྱག་སྲོལ་ལྟར་གྱི་བཅའ་ཡིག་བཀོད་པ་ལྟར་ལོ་ངོ་གསུམ་གྱི་རིང་ལ་སྒྲུབ་སྦྱང་ཉམས་ལེན་འགྲོ་སྟངས་སྐོར་ཞིབ་རྒྱས་སུ་བཀོད་པ་ལྟར་བྱེད། བཤད་གྲྭའི་འགྲོ་རིམ་ཀྱང་སྨན་རིའི་ལུགས་བཞིན་བྱེད་པ། དགོན་པའི་སྤྱིའི་རྫས་དག་ཕྱོགས་སོ་སོར་བགོས་ནས་ཁ་ཤས་སྒྲུབ་ཁང་ཨ་མཆོད་ནས་དོ་དམ་བྱེད་པ། ཁ་ཤས་སྐུ་གདུང་ཨ་མཆོད་ནས་དོ་དམ་བྱེད་པ། སྦྱིན་བདག་རྣམས་ཀྱིས་ཕུལ་བའི་རྒྱུ་རྫས་དག་གྲྭ་ཚང་སྤྱི་བ་ཆེན་མོ་ནས་དོ་དམ་གནང་བ། དགོན་པའི་སྤྱིའི་བདག་གཉེར་བྱེད་ཕྱོགས་དེ་དེང་གི་རྒྱལ་ཁབ་ཀྱི་ལུགས་སྲོལ་བཞིན་སྤྲུལ་སྐུ་དང་གྲྭ་ཚང་བླ་མ་དང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རྒན་གཞོན་སོགས་གཙོ་བོ་དག་དང་གྲྭ་ཚང་དགེ་སྐོས་ཆེན་མོ་དང་དགེ་གཡོག་དང་གཞན་ཚོགས་འདུ་ནང་ཆེན་བཅོ་བརྒྱད་ཟེར་བའི་དགོན་པ་བདག་གཉེར་བྱེད་པའི་ཚོགས་པ་ཞིག་ཀྱང་ཡོད། དཔྱད་གཞིའི་ཡིག་ཆ། སློབ་དཔོན་རིན་པོ་ཆེ་བསྐལ་བཟང་དར་རྒྱས་མཆོག་གིས་མཛད་པ་རིན་སྤུངས་དགོན་པའི་ལོ་རྒྱུས། སློབ་དཔོན་རིན་པོ་ཆེའི་སྐུ་ཚ་བླ་མ་པད་མ་འོད་ཟེར་གྱིས་བརྩམས་པའི་རིན་སྤུངས་དགོན་པའི་ལོ་རྒྱུས། གནས་ཆེན་ཤར་ཕྱོགས་དུང་རི་དང་དགོན་སྡེ་དུ་མའི་དཀར་ཆག་མཐོང་བ་དོན་ལྡན་ཞེས་བྱ་བ་བཞུགས་སོ། |

