རེབ་གོང་བོན་མང་སྔགས་འཆང་བསོད་ནམས་རྒྱལ་གྱི་ལོ་རྒྱུས།

  ༄༅། །རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱ་རིག་འཛིན་འདུས་པ་རྒྱ་མཚོའི་དགེ་བསྐོས་ཆེན་མོའི་མིང་ཐོབ་པ། ལྔ་ཟུང་རིག་པའི་གནས་ལ་མཁྱེན་རྒྱ་ཡངས་པའི་སྔགས་འཆང་བ་བསོད་ནམས་རྒྱལ་ལགས་ནི། མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཞེས་པའི་ས་ཡི་ཐིག་ལེ་ཤར་ཕྱོགས་ཁྱུང་ཆེན་རི་བོའི་འདབས་སུ་ཆགས་པའི་སྤྱི་རྟིང་མཁར་གོང་དུ་རབ་བྱུང་བཅུ་དྲུག་པའི་མེ་ཕོ་རྟའི་(སྤྱི་ལོ༡༩༦༦)ལོར་སྐྱེས་ཤིང་།ཆུང་ངུའི་དུས་ནས་རྒྱུད་ལ་བྱམས་སྙིང་རྗེ་ལྡན་ཞིང་བློ་རིག་ཤིན་ཏུ་གསལ་བས་ལོ་ན་བདུན་གྱི་སྟེང་ནས་བཟུང་སྤྱི་རྟིང་ཆ་ཚང་སློབ་ཆུང་དང་རེབ་གོང་མི་རིགས་སློབ་འབྲིང་དུ་ཞུགས་ནས་བགྲང་བྱ་བརྒྱད་ཀྱི་རིང་ཡི་གེ་འབྲི་ཀློག་དང་སུམ་རྟགས་དག་གསུམ། རྩིས་དངོས་རྫས་གསུམ། རྒྱའི་སྐད་ཡིག་སོགས་ལ་སློབ་གཉེར་མཛད་དེ། སྦྱངས་འབྲས་གཡུར་དུ་ཟ་བའི་ངང་སློབ་མཐར་ཕྱིན་ཀྱང་ཁྱིམ་དུ་བུ་ཁོ་གཅིག་པུ་མ་གཏོགས་མེད་པས་ཁྱིམ་གྱི་ཤུལ་འཛིན་དང་ཕ་མའི་ལས་རོགས་སོགས་ཀྱི་ཆེད་དུ་ཕྱིར་ཡུལ་དུ་ལོག་ནས་སོ་ནམ་གྱི་ལས་ལ་ཞུགས། དེ་ནས་དགེ་བའི་བཤེས་གཉེན་ཚེ་བརྟན་རྡོ་རྗེ་མཆོག་གི་མདུན་ནས་མི་འགྱུར་གཡུང་དྲུང་བོན་གྱི་བསྟན་པའི་སྒོར་ཞུགས་ཏེ་འདོན་དབྱངས་རྟ་དང་བཅའ་རྡུང་འབུད་དཀྲོལ། སྔོན་འགྲོ་བསགས་སྦྱངས། ཆུ་མིག་བརྒྱ་རྩ། སུམ་རྟགས་དག་གསུམ་དང་ས་ལམ། ལམ་རིམ་སོགས་གཞུང་ལ་ཐོས་བསམ་རྒྱ་ཆེར་མཛད་དེ་ཁོང་གི་ཐུགས་སྲས་སུ་གྱུར། རང་ལོ་ཉེར་ལྔའི་སྟེང་རེབ་གོང་བོན་མང་རིག་འཛིན་འདུས་སྡེའི་ཆོས་ཐོག་ཆེན་མོའི་སྐབས་ངོ་མོ་རྒྱལ་བསྟན་ཡེ་ཤེས་རྒྱ་མཚོའི་གླིང་དུ་སྡེ་སྣོད་མཛོད་ཀྱི་རྩ་བ་བློ་ནས་ཐོགས་པ་མེད་པར་རྒྱུགས་སྤྲད་པས་ཀུན་གྱིས་ཡི་རང་དང་བསྔགས་བརྗོད་ཀྱི་མེ་ཏོག་ཕུལ། དེ་ནས་བཟུང་རྫོགས་ཆེན་པ་རྒན་ཚེ་བརྟན་རྡོ་རྗེའི་ཞལ་བཀོད་ལྟར་ཕྱི་ནང་རིག་གནས་ཀུན་ལ་གཞན་དྲིང་མི་འཇོག་པའི་མཁས་གྲུབ་བོན་བརྒྱ་བ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་སྤྱི་བོའི་གཙུག་ཏུ་བཀུར་ཏེ་བླ་མར་བསྟེན། ཁོང་གི་མདུན་ནས་ས་ལམ་དང་གྲུབ་མཐའ། སྙན་ངག ཆབ་ཤོག སྡེ་སྣོད་མཛོད། ལམ་རིམ་སུམ་བརྒྱ་པ།དངོས་གཞི་སེམས་ཁྲིད་དང་རྫོགས་ཆེན་སྐོར་གྱི་གཞུང་ལུགས་དང་ཞོར་དུ་དབུ་ཅན་དང་དབུ་མེད།སྨར་ཆེན་དང་སྨར་ཆུང་སྤུངས་སོ་ཆེ་ཆུང་གི་ཡིག་གཟུགས་འབྲི་སྟངས་ཀྱི་ཕྱག་རྒྱུན་སོགས་ཇི་བཞིན་ལེགས་པར་བསླབ་པས་མཁས་པའི་གྲལ་དུ་སྙེག དེ་དང་ཆབས་ཅིག་ཏུ་སྙན་ངག་གི་བྱ་དཀའ་བའི་ལམ་ནས་ཀུན་བཟང་འཁོར་ལོ་བཞི་བྲིས་ཏེ་སྙན་ངག་གི་རྩོམ་རྒྱུགས་ཚུལ་དུ་རང་གི་བླ་མ་མཁས་དབང་བོན་བརྒྱ་དགེ་ལེགས་རྒྱ་མཚོའི་སྤྱན་སྔར་ཕུལ་བས།ཁོང་གིས་ཀྱང་ཐུགས་དགྱེས་པའི་ལྷ་ལམ་ཡངས་པ་ནས་བསྔགས་བརྗོད་ཀྱི་སྦྲང་ཆར་སིལ་མ་གསེར་ལྗོངས་ནོར་འཛིན་ཕྱོགས་ཀུན་ཏུ་སྤེལ་བས་རང་གཞན་སྐྱེ་བོ་ཀུན་གྱི་ཡིད་སེམས་བརླན། གོང་གི་ཀུན་འཁོར་གཉིས་ནི་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་དུ་ཡོད་པ་དང་གཞན་གཉིས་གྲུབ་ཐོབ་སྤྱི་རྟིང་འཁོར་ལོའི་གདན་ས་ཐེག་ཆེན་བོན་འཁོར་ལྷུན་གྲུབ་གླིང་དུ་བཞུགས། རྗེས་སུ་ཡང་རྨ་ལྷོ་མི་རིགས་དགེ་འོས་སློབ་གླིང་གི་སློབ་དཔོན་གཞོན་པ་མཁའ་འབུམ་གྱི་མདུན་ནས་སྙན་ངག་དང་སློབ་དཔོན་གཞོན་པ་རྡོ་རྗེ་རྒྱལ་གྱི་མདུན་ནས་སུམ་རྟགས་དང་སྐར་རྩིས། འབྱུང་རྩིས་དང་སྒྲ་རིག་པ་སོགས་ལ་སློབ་གཉེར་མཛད་དབགྲང་བྱ་བཅུ་ཕྲག་འགའི་རིང་སློབ་གཉེར་གྱི་བྱ་བ་ལེགས་པར་གྲུབ།དེ་ལྟར་ཐོས་པ་ཕྱོགས་མེད་དུ་བཙལ་བའི་རྣམ་འབྱོར་བ་ཁོང་(སྤྱི་ལོ་༡༩༩༧)རང་ལོ་སོ་གཉིས་ཀྱི་སྟེང་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་དགེ་བསྐོས་ཆེན་མོ་རུ་བསྐོ་བཞག་མཛད།དེའི་རིང་ལ་རིག་འཛིན་འདུས་པ་རྒྱ་མཚོའི་སྙན་ལམ་དུ་དགེ་བའི་བཤེས་གཉེན་ལ་བསྟེན་ཚུལ་དང་བློ་ལྡོག་བོན་བཞི། འབུལ་བཤད་དང་བཅའ་ཡིག་སོགས་འབུལ་སྐབས་སྨྲ་བའི་ལྗགས་རྩེ་གློག་ལྟར་འཁྱུག་པ། རྗོད་བྱེད་ཚིག་ནི་ཚངས་པའི་དབྱངས་དང་ཁུ་བྱུག་གདངས་ལྟར་སྙན་ལ་བརྗོད་བྱའི་དོན་ཟབ་པ། བློ་མཆོག་དམན་ཀུན་དང་འཚམས་པའི་སྒོ་ནས་འཆད་པ་ལ་ཀུན་གྱིས་ཡིད་སྨོན་ཤོར།ལྷག་པར་དུ་སྤྱི་ལོ་༡༩༩༩ལོའི་ལོ་གསར་ཆོས་ཐོག་སྐབས་སྤྱིའི་གད་པ་སྐྱ་བོའི་གསས་ཁང་།གསང་སྔགས་རིག་འཛིན་དར་རྒྱས་གླིང་དུ་རྩ་བའི་བླ་མ་བོན་བརྒྱ་རིན་པོ་ཆེ་གདན་ཞུ་ཞུས་ཏེ་བོན་མང་ཕུར་ཐོགས་སྟོང་ལ་ཚོགས་གཏོང་སྐབས་བླ་མ་རིན་པོ་ཆེ་ལ་མནྟལ་ཞུ་ཚིག་ཏུ<<ཀུན་གཟིགས་སྐྱབས་མགོན་ཆེན་པོ་དཔལ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གི་འཁྲུངས་རབས་རྣམ་ཐར་དང་བཅས་མནྟལ་ཞུ་ཚིག་ཡོངས་སྦྱངས་གསེར་རིའི་ཕྲེང་བ་>>ཞེས་བྱ་བ་ཕུལ་བས་རྩ་བའི་བླ་མ་མཆོག་གིས་བསྔགས་བརྗོད་དང་བོན་མང་ཕུར་ཐོགས་སྟོང་གི་རིག་འཛིན་འདུས་པ་ཡོངས་ཀྱིས་རྗེས་སུ་ཡི་རང་དང་མཁས་པའི་རྒྱལ་ཐབས་ཟིན་ཡོད་ཅེས་མཚན་སྙན་གྱི་གྲགས་པ་དཀར་པོས་ཕྱོགས་ཀྱི་ཐ་གྲུ་ཀུན་ལ་ཁྱབ།མཐར་ཇི་སྐད་དུ། མདོ་ལས། བདག་ཀྱང་མྱ་ངན་འདའ་མ་ཡིན། །བོན་ཀྱང་ནུབ་པར་མི་འགྱུར་ཏེ། །རྟག་ཏུ་རེ་རྣམས་སུན་ཕྱུང་ཕྱིར། །ལན་གཅིག་མྱ་ངན་འདའ་ཚུལ་བསྟན། །ཞེས་གསུངས་པ་ལྟར་འཇིག་རྟེན་རྟག་འཛིན་གྱི་སྒྲོག་ཏུ་ཚུད་པ་རྣམས་སུན་དབྱུང་བར་བྱ་བའི་ཕྱིར་ཞབས་གཡས་པར་ལྕི་བའི་སྙུན་བཞེས་ཏེ། ཁྱིམ་གྱི་ཕ་མ་དང་གཉེན་ཉེ་སོགས་ལ་སྙུན་འདི་ཁོ་བོ་འགྲོ་རན་པའི་བརྡ་ཡིན་ཅེས་ཀུ་རེའི་ཚུལ་དུ་བཤད་པ་དང་། མ་འདས་པའི་ཉིན་གཉིས་ཀྱི་སྔོན་ལ་ལག་ཏུ་སྨྱུ་གུ་ཐོགས་ཏེ། <<བཞུད་ཁའི་སྐྱབས་ཞུ།>>ཞེས་པའི་སྙན་རྩོམ་ཤོ་ལོ་ཀ་དྲུག་ཤར་མར་བྲིས་ཡོད་པ་ཀུན་གྱི་སྤྱན་ལམ་དུ་ཕུལ་ན་འདི་ལྟ་སྟེ།
སྙིང་དབུས་བདེ་ཆེན་འོག་མིན་ཞིང་ཁམས་ན་བཞུགས་པའི། །
ལྷན་སྐྱེས་ཡེ་ཤེས་ངོ་བོ་བརྩེ་ཆེན་གྱི་བླ་མ། །
ཨ་ཝ་དྷྰུ་ཏིའི་ལམ་ནས་སྤྱི་བོར་མྱུར་བྱོན་ཏེ། །
བྱང་ཆུབ་སེམས་མཆོག་འབྱོང་བའི་བྱིན་རླབས་རང་སྩོལ་རོགས། །
རྡུལ་སྙེད་རྣམ་འདྲེན་ཀུན་གཟིགས་མཁྱེན་ལྡན་གྱི་བླ་མ། །
སྒོ་གསུམ་གུས་པས་བདེ་ཆེན་འཁོར་ལོ་རུ་མཆོད་ན། །
ཁམས་གསུམ་རིགས་དྲུག་སྡུག་ཀུན་དཀན་གཟར་ལས་སྐྱབས་ཏེ། །
སངས་རྒྱས་ས་ལ་བགྲོད་པའི་ཐབས་མཆོག་ལེགས་སྩོལ་རོགས། །
བསྐལ་པའི་མེ་དཔུང་ལ་སོགས་ཐ་སྙད་དུ་སྣང་བའི། །
དུ་ཏིའི་ལྕགས་བསྲེགས་ཐང་དུ་གཅིག་པུ་ཉིད་འཁྱམས་ཏེ། །
རང་ལུས་བྱ་སྤུ་ལྟར་བསྲེགས་སྡུག་བསྔལ་རྣམས་མྱོང་ཚེ། །
རིས་བྲལ་བླ་མས་བྱིན་རླབས་ཆར་རྒྱུན་ལེགས་སྩོལ་རོགས། །
ད་ལྟ་དགུན་གྱི་ཁ་བ་ལྷག་པ་ཡི་གྲང་ངར། །
སྐད་ཅིག་ཙམ་ལ་བཟོད་པའི་གོ་སྐབས་དང་བྲལ་ན། །
གྲང་དམྱལ་བརྒྱད་དུ་རང་ལུས་པདྨ་ཆེར་གས་ཚེ། །
མཚན་ལྡན་བླ་མས་བྱིན་རླབས་ཚ་ཟེར་ལེགས་སྩོལ་རོགས། །
མི་འདོད་བཞི་བརྒྱ་རྩ་བཞི་ནད་གདོན་གྱི་གཤེད་མས། །
རང་སེམས་ཁྱེའུ་ཕྱི་མའི་འཇིག་རྟེན་དུ་ཁྲིད་སྐབས། །
གར་འགྲོ་མ་ངེས་ཐང་སྟོང་བུ་ཆུང་ལྟར་ལུས་ཚེ། །
དགེ་ལེགས་བླ་

 

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།