ཨུ་རུ་སུའི་བོན་ཚོགས་དང་གསོ་རིག་འབུམ་བཞིའི་སློབ་གྲྭ།

༧སྨན་རིའི་དགེ་བཤེས་གསོ་བྱེད་རིན་ཆེན་བསྟན་འཛིན་ལགས་ནས་ཨུ་རུ་སུ་ཡི་གྲོང་ཁྱེར་ཨང་གཉིས་པ་སང་སི་པིས་ཊ་སི་སྦུར་གི་ཟེར་བའི་ཉེ་འདབས་མཐའ་ཡི་རྒྱ་མཚོའི་འགྲམ་དུ་གཡུང་དྲུང་བོན་གྱི་དགོན་པ་གསང་སྔགས་གཡུང་དྲུང་བདུད་འདུལ་གླིང་དང་གསོ་རིག་འབུམ་བཞིའི་སློབ་གྲྭ་ཞང་བོད་གསོ་རིག་བདེ་ཕན་སློབ་གླིང་བཅས་གསར་བསྐྲུན་གནང་བའི་བརྒྱུད་རིམ་དང་དེའི་གནས་ཚུལ་མདོར་བསྡུས།

03

བཀའ་དྲིན་མཚུངས་ཟླ་བྲལ་བའི་དྲིན་ཅན་རྩ་བའི་བླ་མ་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་དཔོན་གསས་བླ་མ་རིན་པོ་ཆེ། མཚན་དངོས་ནས་སྨོས་ན་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་ནས་བཀའ་སློབ་ཟབ་མོ་ཡང་ནས་ཡང་དུ་གསུང་གསལ་ལྟར། རང་རེ་ཁྱིམ་སྤངས་རབ་ཏུ་བྱུང་བ་རྣམས་ཀྱི་དམིག་ཡུལ་གཙོ་བོ་ནི་ཚེ་འདི་ཕྱི་གཉིས་ཀྱི་ནང་ནས་ཕྱི་མ་གཙོ་བོར་བཟུང་དགོས་པ་དང་།

01

རང་དོན་དང་གཞན་དོན་གཉིས་ཀྱི་ནང་ནས་གཞན་དོན་གཙོ་བོར་འཛིན་དགོས་པ་དང་། གཞན་དོན་ལ་གནས་སྐབས་ཀྱི་གཞན་དོན་དང་མཐར་ཐུག་གི་གཞན་དོན་གཉིས་ཀྱི་ནང་ནས་མཐར་ཐུག་འཁོར་བའི་སྡུག་ངལ་ལས་སྐྱོབས་པའི་གཞན་དོན་དེ་འདེམ་དགོས་པ་ཡིན་ལ། དེ་ཡང་མཐར་ཐུག་གི་གཞན་དོན་འགྲུབ་པ་ལ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དར་བ་ལ་རག་ལས་པ་དང་། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དར་བ་ལ། མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ལ་ཐོས་བསམ་བསྒོམ་པའི་ཤེས་རབ་ལེགས་པར་སྦྱོང་བའི་དགེ་འདུས་ཀྱི་སྡེ་ལ་རག་ལས་པ་ཡིན་པས། 02འོ་རིགས་ཀྱི་བུ་སློབ་རྣམས་ད་ལན་གྱི་གོ་སྐབས་བཟང་པོ་འདི་དང་བསྟུན་ནས་རང་དོན་དུ་ཐོས་བསམ་བསྒོམ་པའི་ཤེས་རབ་ཟབ་མོ་ལ་མཐར་ཕྱིན་པར་སྦྱོང་ནས། གཟོད་འཆད་རྩོད་རྩོམ་པའི་འཁོར་ལོ་གསུམ་གྱིས་རིས་སུ་མ་ཆད་པའི་འགྲོ་བ་ཡོངས་ལ་གང་ནུས་དེ་སྒྲུབ་ཀྱིས་གཞན་དོན་རླབས་པོ་ཆེ་ཞིག་སྒྲུབ་དགོས་ཞེས་བཀའ་ཆབ་བདུད་རྩིའི་ཟེག་མ་རྒྱུན་དུ་ཕེབ་པ་རྣམས། གུས་པ་ཐོས་ཆུང་ཤེས་དམན་དགེ་མིང་ཙམ་འཛིན་པ་རིན་ཆེན་བསྟན་འཛིན་པས་ཡིད་ལ་དམ་པོར་འཆང་ནས། ཕྱི་ལོ་༢༠༠༨ལོར་༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་མདུན་ནས་དགེ་བའི་བཤེས་གཉེན་ཀྱི་མཚན་གནས་ཐོབ་པ་ནས་བཟུང་ད་ལྟའི་བར་དུ་བགྲང་བྱ་བཅུ་ལ་ཉེ་བའི་རིང་བྱང་ཕྱོགས་ཨུ་རུས་སུའི་རྒྱལ་ཁབ་ཆེན་པོའི་རྒྱལ་ས་དང་མངའ་སྡེ་འདྲ་མིན་ནང་དུ།  ངལ་བ་བརྒྱ་སྟོང་ཕྲག་ལ་ཁུར་ནས། འབྲེལ་ཡོད་དད་ལྡན་པ་མང་པོར་༧གཡུང་དྲུང་བོན་གྱི་ངོ་སྤྲོད་དང་འཆད་ཁྲིད་ཀྱི་བོན་སྦྱིན་གྲངས་མང་ཞུས་དང་ཞུ་མུས་ཡིན།

04ཞོར་དུ་གསོ་བ་རིག་པའི་སྒོ་ནས་ནད་བཅོས་སྲོག་སྐྱོབས་ཀྱི་ལས་ལ་གང་ནུས་འབད་བཞིན་པ་དང་། ཕྱི་ལོ་༢༠༡༢ཕྱི་ཟླ་༡༡ནང་དད་སྦྱིན་འགའ་ཡི་རམ་འདེགས་ཐོག་བོད་ཀྱི་རིག་པའི་གནས་ཆེན་ལྔ་ཡི་ཡ་གྱལ་གསོ་བ་རིག་པའི་གཞུང་ལུགས་རྒྱལ་བའི་བཀའ་ཚད་མ་གསོ་རིག་འབུམ་བཞིའི་སློབ་གྲྭ་ཞང་བོད་གསོ་རིག་བདེ་ཕན་སློབ་གླིང་ཞེས་སྨན་གྱི་སློབ་གྲྭ་ཆུང་ངུ་ཞིག་བཙུགས་ནས་ད་ཆ་ལོ་རིམ་གསུམ་པ་ལ་སླེབས་ཡོད་པ་དང་། གསོ་རིག་འབུམ་བཞིའི་ཕྱག་དཔེ་ཡང་ཨུ་རུས་སུ་ཡི་སྐད་ཡིག་ལ་བསྒྱུར་བཞིན་པ་ཡིན། ཕྱི་ལོ་༢༠༡༤ལོར་དད་སྦྱིན་མཚུངས་མེད་༼སྒྱེ་ཉིས་སི་༽ཡིས་རམ་འདེགས་ཐོག་ནས་བོད་སྐད་ལ་༼དག་ཞིང་༽ཞེས་པ་དང་ཨུ་རུ་སུ་ཡི་སྐད་ཐོག་ནས་༼ཆིས་སི་ཏིས་བཟིམ་ལིས་༽ཞེས་པའི་བོན་གྱི་རིག་གཞུང་གི་ཚོགས་པ་ཞིག་ཁྲིམས་མཐུན་དེབ་སྐྱེལ་ཞུས་ནས་དེ་ཡི་འཆར་ཅན་འོག གོང་ཞུས་བོན་སྦྱིན་ཆེན་མོས་ཕྱག་རོགས་དང་མཐུན་རྐྱེན་སྦྱར་ནས། ༧གསང་སྔགས་གཡུང་དྲུང་བདུད་འདུལ་གླིང་ཞེས་གཡུང་དྲུང་བོན་གྱི་དད་ལྡན་སློབ་མ་རྣམས་ཀྱི་སློབ་སྦྱོང་དང་ཉམས་ལེན་གནང་ཡུལ་གྱི་དགོན་པ་ཞིག་བཞེངས་རྒྱུའི་འདུན་པ་འཆང་ནས་རིག་གཞུང་སློབ་གྲྭའི་མིང་ཐོག་ནས་ཁྲིམས་མཐུན་དེབ་སྐྱེལ་ཟིན་པ་བྱུང་། 05 ལོ་དེའི་སྟོན་ཀར་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་དང་།  ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་རྣམ་གཉིས་ཀྱི་མོ་ལུང་བཀའ་སློབ་གཞིར་བཟུང་ཐོག་ཨུ་རུ་སུ་ཡི་གྲོང་ཁྱེར་ཨང་གཉིས་པ་སང་སི་པིས་ཊ་སི་སྦུར་གི་ཟེར་ས་དེ་ཡི་ཉེ་བར་མཐའ་ཡི་རྒྱ་མཚོའི་འགྲམ་དུ་དབེན་ས་ཞིག་ལ་ས་ཆ་ཉོས་ཏེ་སྟོན་ཀ་རང་དུ་ས་ལེན་དང་བྱིན་འབེབ་གྲུབ་པར་བྱས། ལོ་དེ་ཡི་དགུན་ཁར་དགོན་པའི་ཕྱི་ནང་གི་བཀོད་པའི་དཔེ་རིས་ཏེ། ཕུགས་སུ་གཙུག་ལགས་ཁང་སྨི་གྲུ་བཞི་མ་༣༠༠ ཙམ་ལ་གཉིས་ཐོག་ཡོད་པའི་གོང་མ་དཔེ་མཛོད་དང་འོག་མ་འཚོགས་ཁང་ཡིན་པ། གཡས་གཡོན་མདུན་སོགས་དགེ་སློབ་ཡོངས་ཀྱི་བཞུགས་ཤག་ཁྲུས་ཁང་གསང་སྤྱོད་རང་འགྲིག་ཡོད་པའི་ཁང་མིག་ཆེ་ཆུང་ལྔ་བཅུ་ང་བཞི་ཙམ་དང་། གཞན་ཐབ་ཚང་དང་། ཞལ་ལག་མཆོད་ཁང་། འཕོ་བ་ཁང་དང་། འཕྲུལ་འཁོར་ཁང་སོགས་ཕྱི་ནང་གི་བཀོད་པ་ཡོངས་རྫོགས་དེང་རབ་ཚན་རྩལ་མཁས་པས་འཆར་འགོད་གནང་ཟིན་པར་བྱས། 06(༡)  ཕྱི་ལོ་༢༠༡༥ཡི་ལོ་སྟོད་དུ་དགོན་གནས་གསར་བཞེངས་དབུ་འཛུགས་སྐབས་སུ་སྣ་སེལ་དང་རབ་གནས་མདོར་བསྡུས་ཞིག་གྲུབ་པར་བྱས།
(༢)  དེ་ནས་ལས་གྲྭ་དབུ་བཙུག་ནས་ད་ལྟའི་བར་དུ་ཟླ་བ་བརྒྱད་ཙམ་རིང་ལ་ཐོག་བརྩེགས་འོག་མ་གང་འཚམས་གྲུབ་ཟིན་པ་ཡིན། མ་འོང་པར་ཕྱི་ལོ་༢༠༡༧ སྟོན་ཀར་འཇུག་ཡོངས་སུ་གྲུབ་རྒྱུའི་འཆར་གཞི་ཡོད་པ་བཅས་སོ།
(༣)(༤)(༥)  ཡང་གོང་ཞུས་ཚོགས་པའི་ཆར་ཅན་འོག་ཨུ་རུ་སུ་ཡི་རྒྱལ་ས་མོ་སི་ཁོ་ལ། ཕྱི་ལོ་༢༠༡༤ཕྱི་ཟླ་༡ནས་བཟུང་།  སྔགས་དང་རྫོགས་ཆེན་གྱི་གཞི་རིམ་སློབ་གྲྭ་ཞེས།
(༦)  ༧གཡུང་དྲུང་བོན་གྱི་སྔགས་དང་རྫོགས་ཆེན་གྱི་རྨིང་གཞི་སློབ་སའི་སློབ་གྲྭ་ཞིག་བཙུག་ནས།  དང་པོ་སྔོན་འགྲོ་ཕྱི་ནང་གི་རིམ་པ་ནས། འཕོ་བ་དང་ཞི་གནས་དངོས་གཞིའི་རིམ་པ་ཕྱི་ནང་འཁོར་འདས་རུ་ཤན་སེམས་འཚོལ་བརྣལ་བབ་སོར་བཞུག་ངོ་སྤྲོད་སོགས་ཁྲིག་ཆོད་དང་། གཞན་གཏུམ་མོ་དང་བཅུད་ལེན་མུན་མཚམས་ཐོད་བསྒར་བཅས་ཁྲིད་སྦྱོང་གནང་བཞིན་ཡོད།སློབ་གྲྭ་འཚོགས་བཞིན་པའི་སྐབས་སུ་ཉིན་ལྟར་སྦྱིན་པ་རྣམ་བཞི་སྔར་སྲོལ་བཞིན་ཞོགས་པ་བསང་མཆོད་ཀུན་མཁྱེན་ཤར་རྫ་པས་བསྒྲིགས་པའི་བསང་བསྡུས་འདོད་དགུའི་སྤྲིན་ཆེན་དང་།ཆུ་གཏོར་ནི་ཏྲེ་སྟོན་རྒྱལ་མཚན་དཔལ་གྱིས་གནོད་བྱེད་འཇོམས་པའི་རྒྱུད་ལས་བཏུས་པའི་ལན་ཆགས་གཏོར་མ། དགོང་མོ་བསུར་མཆོད་ནི་ཀུན་མཁྱེན་ཤར་རྫ་པས་མཛད་པའི་རྒྱུན་སྤྱོད་ལས་དཀར་དམར་གྱི་བསུར་མཆོད་དང་།07ལུས་སྦྱིན་ནི་མཁའ་འགྲོ་གད་རྒྱངས་བཅས་སོ། གཞན་ཡང་ཐེག་འགྲེལ་མེ་ལོང་དགུ་སྐོར་ལྟར་ཐེག་པ་རིམ་པ་དགུ་ཡི་སྤྱི་དོན་བདུན་པོ་གང་ནུས་ཁྲིད་སྦྱོང་གནང་མུས་ཡིན་པ་བཅས་སོ། སློབ་ཡུན་ནི་ལོ་རིམ་གསུམ་དང་ལོ་རེར་དབྱར་དགུན་སྟོན་དཔྱིད་དུས་བཞི་སྟེ་དུས་རེར་བདུན་ཕྲག་གཉིས་རེ་འཚོགས་གཞི་ཡོད། ད་ཆར་འཛིན་གྲྭ་གོང་མ་ལོ་རིམ་དང་པོ་གྲུབ་ཟིན་ནས་ལོ་རིམ་གཉིས་པ་ལ་འགྲོ་བཞིན་ཡོད།

08སླར་འཛིན་གྲྭ་གསར་པ་ཞིག་བསྡུས་ནས་སྔར་ལྟར་སྔོན་འགྲོའི་འཛིན་གྲྭ་དང་པོ་འགྲོ་བཞིན་ཡོད། སློབ་གྲྭའི་སློབ་དེབ་ནི། ཀུན་མཁྱེན་ཤར་རྫ་པས་མཛད་པའི་སྔོན་འགྲོ་ངག་འདོན་བསླབ་གསུམ་རིན་ཆེན་འདྲེན་པའི་ཤིང་རྟ་དང་། དེ་ཡི་བསྒོམ་རིམ་ཐར་ལམ་མྱུར་སྒྲོད་། མན་ངག་རིན་པོ་ཆེ་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པའི་སྔོན་འགྲོའི་ཁྲིད་རིམ་བཀའ་ལུང་རྒྱ་མཚོ་ལྟར་ཉེ་འཁོ་འཕོ་བའི་ཁྲིད་དང་། ཞི་གནས་ལ་འཇུག་པའི་ཐབས་བློ་གསར་དགའ་སྟོན། མན་ངག་རིན་པོ་ཆེ་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པའི་དངོས་གཞི་ཡང་ཏིག་རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར། རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་ལས་ཐུན་མོང་གཏུམ་མོའི་ཉམས་ལེན་ཡེ་ཤེས་མེ་དཔུང་དང་། རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་ལས་སྐུ་གསུམ་བཅུད་ལེན་ཐར་པའི་རྒྱག་ཕྱེ། རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་ལས་ཐོད་བརྒར་སྣང་བཞི་ཉམས་ལེན་ངོ་མཚར་སྣང་བའི་ལྟས་མོ། རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་ལས་མཚན་སྣང་ཨར་གཏད་གདམས་པ་འོད་གསལ་འཁོར་ཡུག་བཅས་ཡིན།09ད་ཆ་ཕར་ཆེ་བ་ཨུ་རུས་སུའི་སྐད་ལ་བསྒྱུར་ཟིན་པ་ཡིན། འཛིན་གྲྭ་རེར་སློབ་མ་དྲུག་བཅུའི་སྐོར་རེ་ཡོད། དེང་སྐབས་ཨུ་རུ་སུ་ཡི་གྲོང་ཁྱེར་འགའ་ཡི་ནང་ནས་སློབ་མ་མང་པོས་སྔགས་དང་རྫོགས་ཆེན་གྱི་གཞི་རིམ་སློབ་གྲྭའི་ཡན་ལག་བཙུག་དགོས་པའི་འབོད་བསྐུལ་ཡང་ཡང་གནང་བ་གཞི་བཟུང་ཐོག་ད་ཆ་ཡན་ལག་སློབ་གྲྭ་ཁག་འགའ་ཤས་ཤིག་བཙུག་ཟིན་ནས་སློབ་སྦྱོང་བྱེད་མུས་ཡིན།
གུས་པ་སྨན་རིའི་དགེ་བཤེས་རིན་ཆེན་བསྟན་འཛིན་པས་རྒྱལ་ས་མོ་སི་ཁོ་ནས།

གཡུང་དྲུང་བོན་དྲ་བ་ལས་དྲངས།

དཔྱད་མཆན 1 ཡོད།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།