ཤོག་ལྔ་ལམ་ལྷ་དགོན་གཡུང་དྲུང་གཏམས་བྲག་གླིང་།

ཤོག་ལྔ་ལམ་ལྷ་དགོན་གཡུང་དྲུང་གཏམས་བྲག་གླིང་གི་ཕྱི་ཡི་རྣམ་པ།

ཤོག་ལྔ་ལམ་ལྷ་དགོན་ནི་བོད་ལྗོངས་ཆབ་མདོ་ལྷོ་རོང་རྫོང་ནགས་ལྕོག་ཤང་ས་དམར་གྲོང་ཚོའི་གཡས་ཟུར་གྱི་བྲག་སྟེང་དུ་ཆགས་ཡོད། ཕྱི་ཡི་དབྱིབས་གཟུགས་ལ་བལྟས་ཚེ་རྒྱལ་པོས་དར་ཕྱར་འདྲ་ཡིན་པ་འབོད་སྲོལ་ཡོད། དགོན་པའི་ཆགས་གནས་སུ་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་༣༦༠༠་ཙམ་ཡིན་ཞིང་ལྷོ་རོང་རྫོང་ནས་བར་ཐག་སྤྱི་ལེ་༩༠་ཙམ་ཟིན་ཡོད། དགོན་འདིའི་གནས་ཡིག་དང་ངག་རྒྱུན་བཀའ་རྟགས་རང་བྱོན་སོགས་ལ་གཞིགས་ནས་བཤད་ན་དང་ཐོག་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་ཀོང་པོ་བོན་རི་ལ་བདུད་བཏུལ་བར་ཕེབས་སྐབས་གནས་འདིར་རྫུ་འཕྲུལ་གྱིས་ཞབས་བཅགས་ཏེ་ལྷ་སྲིན་གདུག་པ་ཅན་དམ་ལ་བཏགས་ཏེ་སྲིན་མོ་བཏུལ་བ་དང་གནས་རི་གླང་ཆེན་འགྱིང་རི་གནས་སྒོ་ཕྱེས་ནས་གནས་སྲུང་གཡུང་དྲུང་གཉེན་ལྕམ་བརྐོས། གནས་འདི་ནི་ཞི་བ་ལྟར་ན་ཀུན་བཟང་རྒྱལ་བ་འདུས་པ། དྲག་པོ་ལྟར་ན་ཡི་དམ་དབལ་གསས་རྔམ་པ་ཡིན་པར་བཞེད། གཤེན་རབ་ཀྱི་ཞབས་རྗེས་དང་ཕྱག་རྗེས། ཡིད་ཀྱི་ཁྱེའུ་ཆུང་གི་ཞབས་རྗེས། སྲིན་མོ་དམ་ལ་བཏགས་པའི་དབུ་རྗེས། བཅས་ཕ་བོང་གི་སྟེང་འོལ་ཚོད་ཙམ་མ་ཡིན་པར་ཝ་ལེར་མཐོང་ཆོས་སུ་གྲུབ།

སྟོན་པ་གཤེན་རབ་ཀྱི་ཞབས་རྗེས་དང་ཕྱག་རྗེས།
སྟོན་པ་གཤེན་རབ་ཀྱིས་སྲིན་མོ་དམ་ལ་བཏགས་པའི་དབུ་རྗེས།

སྐབས་དེར་གཤེན་རབ་ཀྱིས་ཡར་ལྷ་གསོལ་བ་དང་། མར་འདྲེ་བཀར་བ། ཡུག་ཕུད་པའི་རྒྱུའི་བོན་བསྟན་པའི་གནས་གལ་ཆེན་ཡིན་པ་བདེན་དཔང་བྱས་ཡོད། དགོན་འདིར་སྲིད་གཞུང་ནས་མཚན་ཐོ་ཐོབ་པའི་གྲྭ་བ་གྲངས་༢༥་ཡོད། དགོན་འོག་ནས་དགོན་སྡེ་ཕྱི་ནང་གཉིས་ལ་སློབ་གཉེར་བྱེད་མཁན་བསྡོམ་ན་༧༠ལྷག་ཡོད། ཤོག་ལྔ་ཞེས་པ་ལམ་ལྷ་དགོན་འོག་ཏུ་སྡེ་ཤོག་མི་འདྲ་བ་ལྔ་ཡོད་ཅིང་དེ་སྔོན་སྡེ་ཤོག་རེ་ལ་རི་ཁྲོད་ཀྱང་རེ་རེ་ཡོད་པ་ཡིན་པས་ཤོག་ལྔ་ཞེས་ཐོགས། འོན་ཀྱང་དེང་སང་སྡེ་ཤོག་ཁག་ཅིག་ནས་འདས་པའི་སྤྱི་ཚོགས་ཁོར་ཡུག་གི་ཆོས་སྲིད་འཕེལ་གྲིབ་ཁྲོད་བཎ་དེར་གྱུར་བ་དང་རི་ཁྲོད་ལྔ་ཡང་ཉམས་གསོ་མ་ཐུབ་པར་ལུས། སྔར་ཆོས་སྲིད་ཁྲོད་ཀྱི་དུན་ཙེ་ཁག་ཅིག་གིས་དགོན་འདི་ཞྭ་བསྒྱུར་བར་བརྩམ་ཡང་བཀའ་རྟགས་རང་བྱོན་དང་རྡོ་བརྐོས་གཟུངས་སྔགས་སོགས་ཤིན་ཏུ་མང་བས་ཅི་ནས་བསྒྱུར་དུ་མ་བཏུབ་པར་ལུས་པ་ངག་རྒྱུན་ནས་བཤད། ད་ལྟ་དགོན་འདིའི་དབུ་བླ་གཡུང་དྲུང་བསྟན་འཛིན་བཞུགས་ཡོད་ཅིང་ཁོང་གིས་དཀའ་སྡུག་འབད་བརྩོན་དང་བསྟན་ལ་ལྷག་བསམ་དཀར་བ། འདོད་ཆུང་ཆོག་ཤེས་བཅས་ལ་བསྟེན་ནས་དགོན་པ་ཕྱི་ནང་གི་རྟེན་དང་བསྟན་པ་རྒྱ་ཆེར་གྲུབ་ནས་ཤར་རྫའི་ལུགས་ལྟར་སྒྲུབ་གྲྭ་བཙུགས་ཡོད་ལ་མ་འོངས་པར་སྨན་རིའི་ལུགས་ལྟར་བཤད་གྲྭ་བཙུག་རྒྱུའི་འཆར་གཞི་རེ་སྨོན་ཡོད་པ་དང་བཅས་ཡིན་ནོ།

མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་ཕྱག་རྗེས།

ལམ་ལྷ་དགོན་ཞེས་པ་ནི་གནའ་བོ་ནས་བཟུང་ཤོག་ལྔ་སྡེ་བས་ཕྱི་འགྲོ་ནང་འོང་དང་ཚེས་བཟང་དུས་བཟང་ལ་ལམ་ལྷ་གསོ་བ་དང་ལྷ་གསོ་བའི་གནས་ཀྱང་ཡིན་པས་ལམ་ལྷ་དགོན་ཟེར་བའི་མིང་ཀྱང་དེ་ལྟར་ཐོགས། སྟོན་པ་གཤེན་རབ་བྱོན་དུས་ནི་བོན་གྱི་བསྟན་རྩིས་ལྟར་ན་ད་བར་ལོ་ངོ་༡༦༠༠༠ལྷག་འདས་ཟིན། དེ་རྗེས་སྤྱི་ལོ་སྔོན་དུས་རབས་༦པའི་ཡས་མས་སུ་བླ་ཆེན་དྲན་པ་ནམ་མཁའ་གླང་ཆེན་འགྱིང་རིའི་གནས་ནང་སྒྲུབ་པ་དང་བཀའ་བསྒོས་དམ་བཅགས་ལ་ཞུགས་མྱོང་ཞིང་ད་སྐབས་དྲན་པ་སྒྲུབ་ཕུག་ཅེས་པའང་མཐོང་ཆོས་སུ་ཡོད། གནས་རི་འདིའི་ནང་ཀུན་ཏུ་བཟང་པོ་བྲག་སྐུ་རང་བྱོན་མངོན་སུམ་གྱི་མཐོང་ཡུལ་དུ་ཡོད་ལ་གནས་རི་འདི་ཁ་ཤར་དུ་གཏད་པ་ནི་རྒྱ་ནག་གླང་ཆེན་འགྱིང་རི་གཉིས་ཁ་གཏད་དུ་ཆགས་ཡོད་པ་བཤད། བར་དུ་གནས་ཆེན་ཁ་བ་གངས་དཀར་གྱིས་ཆོད་ཡོད་པ་སོགས་བཤད་ཚུལ་མང་། བསྟན་པ་ཕྱི་དར་སྐབས་གནས་རི་འདིར་རྒྱལ་འཕགས་གོང་མའི་བཀའ་གདམས་བཞིན་ཤོག་ལྔ་སྡེ་བས་མཆོད་འབུལ་ཕྱག་སྐོར་གྱི་གནས་གལ་ཆེན་ཞིག་ལ་བརྩི་བར་བྱེད། ཕྱིས་སུ་གཡས་རུ་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་མཁས་གྲུབ་རིན་ཆེན་བློ་གྲོས་ནི་མཁས་དབང་བོན་བརྒྱའི་རིས་མེད་བསྟན་རྩིས་ལྟར༼༡༣༤༤–༡༤༡༤༠༧ ༽བར་ཡིན་ཞིང་སྤྱི་ལོ་༡༣༧༤ཙམ་དུ་ལམ་ལྷ་གསོ་སའི་གནས་དེར་ཕེབས་ནས་གཡུང་དྲུང་གཏམས་པའི་བྲག་ཐོག་ཏུ་དགོན་པ་སླར་གསོ་དང་གཙང་དགོན་དུ་བསྒྱུར། སྒེར་སྲུང་དུ་རྒྱལ་ཆེན་ཤེལ་ཁྲབ་ཅན་བརྐོས། རྒྱུ་མཚན་ནི་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་དགུང་ལོ་༡༨་ཐོག་མདོ་སྨད་ནས་དབུས་གཙང་དུ་ཕེབས་སྐབས་ཚ་བ་སྒང་སྟོད་དུ་མཁས་གྲུབ་རིན་ཆེན་བློ་གྲོས་དང་མཇལ་ནས་ཕྱི་ནང་གསང་གསུམ་གྱི་དབང་ཞུས་ཞིང་ཁོང་དང་མཉམ་དུ་ཞབས་ཕྱིར་འབྲངས་ནས་མདོ་ཁམས་སྟོད་སྨད་ལྷོ་བྱང་གནས་རིར་འགྲིམས། ཉམས་བཞེས་རྟོགས་པའི་ཡེ་ཤེས་རྒྱུད་ལ་འཁྲུངས་ཞེས་སོགས་མཉམ་མེད་རྣམ་ཐར་ཁག་ནང་དུ་གསལ་ཞིང་ཚ་བ་སྒང་སྟོད་ཀྱི་གནས་ནི་ལམ་ལྷ་དགོན་འདི་ཡིན་པར་གྲགས། གཡུང་དྲུང་གཏམས་པའི་བྲག་སྟེང་ཞེས་པ་ནི་དགོན་པ་བཞེངས་སའི་བྲག་ཐོག་ཏུ་གཡུང་དྲུང་གི་རུ་ལག་ཁྲུ་གང་ཙམ་ཞིག་རང་བྱོན་དུ་ཝ་ལེར་གསལ་བ་མ་ཟད་དགོན་གྱི་ཁོར་ཡུག་དང་བྲག་ངོགས་སུ་གང་སར་སྙིང་པོ་རྣམ་གསུམ་སོགས་གཟུང་སྔགས་ཀྱིས་ཁེངས་ཡོད་ལ་བྲག་སྲུབ་དང་བྲག་འོག་ལའང་རྡོ་བརྐོས་དང་རང་བྱོན་ཅི་རིགས་ཀྱིས་ཁེངས་པ་སོགས་བཀའ་རྟགས་ཞབས་རྗེས་བརྗོད་ཀྱི་མི་ལང་བ་མཐོང་ཡུལ་དུ་ཡོད་པས་ཡིན། མཁས་གྲུབ་རིན་ཆེན་བློ་གྲོས་གནས་འདི་ཙམ་མ་ཟད་སྤོ་བོ་ཁང་ཡུལ་གྱི་ས་ཆར་བྱོན་ནས་དགོན་པ་བཞེངས་པའི་ངག་རྒྱུན་དང་གནའ་ཤུལ་ད་ལྟའང་ཡོད་དེ་ཁང་ཡུལ་ཤང་བོན་གྲོང་དགོན་དང་དབྲག་ལྷ་ཁང་བཅས་ཡིན། བོན་གྲོང་དགོན་ནི་ད་ལྟ་ཁང་ཡུལ་ཤང་གི་དགོན་པ་གཅིག་པུ་ཡིན་ལ་དེང་སང་བཀའ་རྒྱུད་པས་བཟུང་ཡོད། དབྲག་ལྷ་ཁང་ཉམས་གསོ་མ་ཐུབ་པར་ལུས་ཡོད། འོན་ཀྱང་ཡུལ་འདིར་བན་བོན་རིས་མེད་ཀྱི་ལྟ་བ་འཛིན་ཞིང་ལོ་ལྟར་ལམ་ལྷ་དགོན་དུ་མཆོད་འབུལ་དང་ཆོ་ག་སྒྲུབ་ལ་གྲྭ་པ་ཡང་ཞུགས་སྲོལ་ཡོད། མཁས་གྲུབ་རིན་ཆེན་བློ་གྲོས་ད་དུང་ཚ་བ་མཛོ་སྒང་གི་ཁུལ་དང་གནས་ཆེན་ཁ་བ་དཀར་པོར་བྱོན་པའི་ལོ་རྒྱུས་ཀྱང་མང་།  ལམ་ལྷ་དགོན་པའི་བྲག་ཐོག་གི་བྱང་ངོས་སུ་སྒོ་སྲུང་སེང་གེ་རང་བྱོན་གྱི་བྲག་ཡོད། ཤར་ཕྱོགས་སུ་སྲུང་མ་མི་བདུད་ཀྱི་དབུ་རང་བྱོན།

དགོན་པའི་བྱང་ཕྱོགས་སུ་ཡོད་པའི་སྒོ་སྲུང་སེང་གེ་རང་བྱོན།

ལམ་ལྷ་གསོལ་སའི་གནས་སུ་མི་རབས་ནས་མི་རབས་བར་བཞེངས་པའི་རྡོ་འབོམ་ཆེན་པོ་ཞིག་ཡོད་ཅིང་མང་ཆེ་བར་བོན་གྱི་གཟུངས་སྔགས་ཡིན་རུང་ཁ་ཤས་བཎ་གྱི་ཡིན་པ་མཐོང་། རྡོ་འབོམ་འདི་བཞེངས་པའི་དབྱིབས་ལ་ཁྱད་ཆོས་ཆེན་པོ་ཡོད་དེ་རྒྱ་ནག་ལྕགས་རིའི་དབྱིབས་སུ་གྲུབ་ཡོད། དགོན་གྱི་ནུབ་ཕྱོགས་སུ་སྤར་དུང་མཚོ་ཟེར་བའི་མཚོ་ཆེན་ཞིག་ཡོད་ལ་དེ་ནི་ལམ་ལྷ་དགོན་པའི་བསང་ཡིག་ལྟར་ན་དེ་ནི་སྲིད་རྒྱལ་བླ་མཚོ་ཡིན་པ་འཁོད་འདུག ལྷོ་རོང་རྫོང་ནང་ཁུལ་གྱི་ཡུལ་སྐོར་མཛེས་ལྗོངས་གལ་ཆེན་ཞིག་ཀྱང་ཡིན། མཚོ་ཆེན་དེ་ལས་བྱུང་བའི་སྤར་ཆུའམ་སྡིས་ཆུ་ནི་ནུབ་ནས་ཤར་དུ་འབབ་ཅིང་གཡུ་ཡི་མུ་ཁྱུད་ལྟར་དུ་མཛེས་ལ་དགོན་གྱི་འོག་ནས་ཡོན་ཆབ་ཕུལ་ལྟར་ཆགས།

དགོན་འདིའི་ལམ་ལྷ་སྤྲུལ་སྐུ་ད་བར་སྐུ་ཕྲེང་བཅུ་བཞི་འདས་ཟིན་པ་དང་སྐུ་ཕྲེང་བཅོ་ལྔ་ད་ལྟ་ངོས་འཛིན་བྱ་རྒྱུ་རེད། ཁོང་གི་སྐྱེ་རྒྱུད་ནི་གདུང་འཚོབ་མུ་ཆོའི་རྣམ་སྤྲུལ་ཡིན་པ་གསལ། དགོན་གྱི་ཡི་དམ་གཙོ་བོ་ནི་དབལ་གསས་རྔམ་པ་ཡིན་ལ་རྒྱུན་ལྡན་འདོན་ཆོག་དང་ཆོ་ག་ལ་སོགས་གཙོ་བོ་བྲུ་ལུགས་ཡིན། དམངས་གཙོ་བཅོས་བསྒྱུར་ཡར་སྔོན་དུ་འགོན་འདིའི་སྤྲུལ་སྐུ་དང་གྲྭ་བ་རྣམས་གཙང་སྨན་རིར་གྲྭ་ས་འགྲོ་བའི་ལམ་སྲོལ་ཡོད། རྗེས་སུ་ལམ་ལྷ་སྤྲུལ་སྐུ་སྐུ་ཕྲེང་འགའ་ཁྱུང་ཡུལ་མེ་སྟོན་གྲུབ་ཆེན་ཡབ་སྲས་དང་རྩེ་དྲུག་སངས་རྒྱས་གླིང་པ། རྩེ་དྲུག་ཁྱུང་དཀར་བླ་མ་གཡུང་དྲུང་། རྩེ་དྲུག་སྨོན་ལམ་རིན་པོ་ཆེ། རྩེ་དྲུག་རིན་ཆེན་རྒྱལ་མཚན་སོགས་ལ་ཕན་ཚུན་མཆོད་འབྲེལ་དང་སྡོམ་བརྒྱུད་ཀྱི་འབྲེལ་བ་ཡང་ཧ་ཅང་ཆེ་བ་བྱུང་འདུག ལོ་ལྟར་དགོན་འདིས་དབྱར་ཟླ་༥་པའི་ཚེས་༡༠ནས་༡༥བར་མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་འདས་མཆོད་འཚོགས་ཤིང་ཚེས་༡༥ཉིན་ལྷ་སྡེ་ཡོངས་རྫོགས་ལ་གདུང་མཇལ་དང་ལྷ་མཇལ་གཏོང་སྲོལ་ཡོད།  ཧོར་ཟླ་༡༠་པའི་མཇུག་ཏུ་སྟག་ལ་སྟོང་ཚོགས་དང་གཏོ་བཟློག་སྦྱིན་བསྲེག་གི་ལས་མཐའ་ཆ་ཚང་། ཧོར་ཟླ་༡༢་པའི་མཇུག་ཏུ་དབལ་སྲས་ཀྱི་གཏོ་བཟློག་དང་སྦྱིན་བསྲེག་ལས་མཐའ་ཆ་ཚང་། དེ་དང་བསྟུན་ནས་ཚེས་༢༨་དང་༢༩་ཉིན་གཉིས་ལ་རྒྱལ་ཆེན་དགྱེས་པའི་འཆམ་སྣ་ཁ་བཅོ་བརྒྱད་ཙམ་འཆམ་ཞིང་ཚེས་༣༠་ཉིན་ཚེ་སྒྲུབ་བྱ་རི་མའི་དབང་བསྐུར་བ་བཅས་སོ།

བྲག་རྡོ་ཕྱེད་བཤགས་བྱས་པའི་ངོགས་ནས་ཐོན་པའི་མ་ཏྲི་རང་བྱོན།

དགོན་འདིར་ལོ་རྒྱུས་རིང་ཞིང་ངོ་མཚར་གྱི་བཀོད་པ་ཧ་ཅང་ཕྱུག་པར་མཁས་གྲུབ་གོང་མའི་ལུང་ལས་ཟིན་པའི་དགོན་གནས་ཞིག་ཡིན་ཏེ། བོན་དཔེ་ཀུན་བཟང་རྒྱལ་བ་འདུས་པའི་ཚོགས་འཁོར་ཞི་བ་༁་གསལ་ལས་ཤོ་ལོ་ཀ་དུམ་བུ་གཅིག་དྲང་བ་ལས་རྗེ་མཉམ་མེད་པས། མ་ཡིན་བྱེད་ཀྱི་མི་བསླུ་བ། སྐྱེ་མེད་ཡི་གེ་ཨ་དབྱིངས་སུ། གཡུང་དྲུང་གཏམས་པའི་བྲག་ཐོག་ཏུ། མི་ནུབ་རྒྱལ་མཚན་འཛུག་པར་ཤོགས་ཞེས་འཁོད་པ་དགོན་འདིར་ངོས་འཛོན་བྱེད་ཅིང་མིང་དོན་མཚུངས་པ་དང་བཅས་སོ།

མཁས་གྲུབ་གནས་འདིར་སྐུ་གཤེགས་པ་དགོན་པའི་གནས་ཡིག་དང་ངག་རྒྱུན་བཀའ་རྟགས་ཞབས་རྗེས་གང་སར་ནས་གསལ་ཞིང་ཁོང་གི་ཕྱག་ལག་གི་རྗེས་དང་གདུང་རྟེན་མཆོད་རྟེན་ཞིག་རུལ་ཞིག་མཁས་གྲུབ་མཆོད་རྟེན་ཞེས་པ་ད་ལྟའང་མཇལ་ཡུལ་དུ་གྱུར།

ལམ་ལྷ་སྤྲུལ་སྐུ་སྐུ་ཕྲེང་རིམ་བྱོན་དང་དཔའ་ཤོད་རྟ་ཚག་རྗེ་དྲུང་སྐུ་ཕྲེང་རིམ་བྱོན་བར་འབྲེལ་བ་ཟབ་མོ་ཡིན་པ་བཤད། སྔར་དཔའ་ཤོད་དགོན་དེ་བོན་དགོན་ཞིག་ཡིན།  དཔའ་ཤོད་དགོན་པའི་ཁོར་ཡུག་དང་ཚ་བ་སྒང་སྟོད་སྨད། མཛོ་སྒང་ལ་སོགས་ཕལ་ཆེར་བོན་པོ་ཡིན་པ་བྲག་བརྐོས་ཡི་གེ་དང་རྡོ་བརྐོས་གཟུངས་སྔགས། ཆོས་འབྱུང་བསྟན་བཅོས་སོགས་ལས་གསལ་རྟོགས་ཐུབ། ལམ་ལྷ་སྤྲུལ་སྐུ་ནས་ཀྱང་ལོ་ལྟར་དཔའ་ཤོད་རྟ་ཚག་རྗེ་དྲུང་ལ་ཚེ་དབང་བྱ་རི་མའི་དབང་དང་མཆོད་འབུལ་གང་ལེགས་བྱས་སྲོལ་ཡོད་ལ་ལོ་རེའི་དཔའ་ཤོད་ཚང་གི་སྐུ་འགྱེད་དང་ལེན་བྱས་ཚུལ་བཅས་བཅོས་བསྒྱུར་མ་བྱས་བར་རྒྱུན་འཁྱོངས་ཡིན་པར་བཤད། ༢༠༡༧་ལོར་དགོན་འདི་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་གྲས་ཚུད་ཡོད་ལ་ལྷོ་རོང་རྫོང་གལ་ཆེའི་ཡུལ་སྐོར་ས་གནས་འཆར་འགོད་ནང་ཚུད་ཡོད་ཅིང་གོང་རིམ་ནས་གཟིགས་སྐྱོང་མི་དམན་པ་ཐོབ་བཞིན་ཡོད། མདོར་ན་གོང་གི་ངོ་སྤྲོད་མདོར་བསྡུས་ལས་ཤོག་ལྔ་ལམ་ལྷ་དགོན་གཡུང་དྲུང་གཏམས་བྲག་གླིང་གི་ལོ་རྒྱུས་ཟུར་ཙམ་ངོ་སྤྲོད་བྱས་པ་ཡིན་ནོ།

མ་ནོར་བྲག་ལ་བཞགས་པའི་ཞབས་རྗེས་དང་།།

མ་བོར་ངག་ནས་བརྒྱུད་པའི་གནས་ལུགས་སོགས།།

མ་བཅོས་ཡི་གེར་བཀོད་པའི་དྲང་ཚུགས་འདིས།།

མ་འོངས་ཕྱི་འབྱུང་རྣམས་ལ་དྲན་སྐུལ་ཡིན།།

མ་དམིགས་འགྲོ་དྲུག་སྤྱི་ཡི་བསྒོ་སྐལ་ལོ།།

 དཔྱད་གཞི་ཡིག་ཆ།

ལམ་ལྷ་དགོན་གྱི་གནས་ཡིག་ལོ་རྒྱུས། ལམ་ལྷ་དགོན་གྱི་བསང་ཡིག། མདོ་གཟེར་མིག མཉམ་མེད་རྣམ་ཐར། སྙན་རྒྱུད་ཞི་བ་༁་གསལ། མཁས་དབང་བོན་བརྒྱའི་རིས་མེད་བསྟན་རྩིས། ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི༢༠༡༥ལོའི་ལོ་རྒྱུས་ཆེད་ལས་ཞིབ་འཇུག་སློབ་མ། ཧྲེ་ཤུལ་བསྟན་པ་འབྲུག་གྲགས་ཀྱིདཔྱད་རྩོམ། རྗེ་ཉམ་མེད་བླ་མ་དང་ཁོང་གི་སློབ་གསོའི་བསམ་བློ། མཁར་ནག་ཆོ་འབྱུང་།  བཻ་ཌཱུརྱ་སེར་པོ། གནའ་བོའི་ཞང་བོད་ཆིག་མཛོད་ཆེན་མོ། ངག་རྒྱུན་སོགས། 

སྤར་དུང་མཚོའི་ཁོར་ཡུག་དང་སྲིད་རྒྱལ་དྲེའུ་རྗེས་བཅས་ཡིན།

 

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།