རེབ་གོང་ཡུལ་དུ་གནས་པའི་བོན་གྱི་དགོན་ཤུལ་ཁག་ཅིག་ལ་ཉུལ་བའི་རེག་ཟིག

རྩོམ་པ་པོ། བོན་ནག་ཚང་ཡེ་ཤེས་བློ་གྲོས།   རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚོགས།

ཨ་བ་ངོས་བཟང་གི་དགོན་ཤུལ།

ཨ་བ་ངོས་བཟང་གི་དགོན་ཤུལ་ནི་རེབ་གོང་རྫོང་ཐོ་བརྒྱ་གྲོང་བརྡལ་གྱི་མངའ་ཁོངས་སུ་གནས་པའི་སེ་བརྒྱ་སྡེ་བའི་ཉེ་འགྲམ་ན་ཡོད་ཅིང་དེ་ལ་སེ་བརྒྱའི་བོན་ཐང་ཟེར། དགོན་ཤུལ་འདི་ངོས་འཛིན་ཚུལ་གཉིས་ཡོད་ལ། གཅིག་ནི་ད་ལྟའི་ཆུ་མཛོད་ཡོད་ས་དེ་ཡིན་པར་འདོད་ཅིང་དེ་ནས་ཁང་ཤུལ་གྱི་སོ་ཕག་ཆག་རོ་སོགས་འབུད་བཞིན་འདུག་པས་རེད་ཟེར། གཅིག་ནི་བྱང་ཕྱོགས་གོང་མོའི་གུར་ཁང་གི་མདུན་གྱི་བྲག་བཙན་ཟངས་རིའི་ངོས་ན་ད་ལྟའི་སྡོང་པོ་ཡོད་ས་དེ་ཡིན་པར་འདོད་ཅིང་། དེ་ན་ཡང་སོ་ཕག་ཆག་རོ་དང་གཞིས་ཀའི་ཤུལ་སོགས་ཡོད། བཤད་རྒྱུན་གཞན་ཞིག་ནི་ཨ་བ་ངོས་བཟང་དགོན་པ་དང་ཁྱུང་པོ་དར་ལྡིང་དགོན་པ་གཉིས་ནི་མ་དགོན་དང་བུ་དགོན་ལྟ་བུའི་ངང་ཚུལ་ལས་ཁ་སྤྲོད་དུ་ཡོད་པར་བཤད། བཤད་རྒྱུན་འདི་ལ་གཞིག་ན་ཟངས་རིའི་ངོས་ཀྱི་དགོན་ཤུལ་འདི་ཨེ་ཡིན་སྙམ། དགོན་པ་འདི་ནི་དུས་རབས་བརྒྱད་པའི་སྐབས་སུ་ཡུལ་རེབ་གོང་ཡུལ་དུ་བྱོན་པའི་བླ་ཆེན་དྲན་པ་ནམ་མཁས་བཏབ། འཇིག་པའི་དུས་ཚོད་ནི་སྤྲུལ་སྐུ་བློ་ལྡན་སྙིང་པོའི་མ་འོང་ལུང་བསྟན་འཇིག་རྟེན་གསལ་བྱེད་ཉི་མའི་འཁོར་ལོ་ལས། ཨག་ཏ་རོང་དུ་ཧོར་དམག་མང་དུ་རྒྱུག་ཅེས་དང། རྗེ་བླ་མའི་བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་ལས། དུས་སྔ་མོ་ནས་བོན་གྱི་དགོན་སྡེ་ཨ་བ་ངོས་བཟང་གི་དགོན་པ། དབལ་མོ་གནས་ཀྱི་དགོན་པ། ཁྱུང་པོ་དར་ལྡིང་དགོན་པ། དཀོན་མོ་ཉིན་དགོན་སོགས་འཇིག་ཟིན་ལ། ཞེས་དང། ཡང་དེ་ཉིད་ལས། རབ་བྱུང་ལྔ་བའི་སྔོན་གྱི་དུས་སྐབས་སུ་མདོ་སྨད་ཀྱི་བོན་དགོན་རྣམས་ལ་ཇིང་གར་རྒྱལ་རབས་ཀྱིས་གནོད་འཚེ་ཆེན་པོ་བྱས་ཏེ་ཉམས་ཉེས་བྱུང་བས་ཁྱུང་པོ་དར་ལྡིང་དགོན་པ་ཡང་འཇིག་ནས་འདུས་བྱས་རང་བཞིན་མངོན་ཞེས་པ་སོགས་ལ་གཞིག་ན་སོག་དམག་གིས་གནོད་འཚེ་འོག་འཇིག་པ་ཤེས་སོ།།

དབལ་མོ་གནས་ཀྱི་དགོན་ཤུལ།

དབལ་མོ་གནས་ཀྱི་དགོན་ཤུལ་ནི་རེབ་གོང་རྫོང་ཐོ་བརྒྱ་གྲོང་བརྡལ་གླིང་བརྒྱའི་བོན་ཚང་མའི་གྲོང་སྡེ་དང་འདྲེས་ནས་ཡོད། བླ་ཆེན་དྲན་པ་ནམ་མཁའི་སློབ་རྒྱུད་ཕྱོགས་སུ་མཆེད་དེ་ལྷ་རི་དཀར་པོའི་རྩ་བའི་གཡོན་ཟུར་ནས་དབལ་མོ་གནས་ཀྱི་དགོན་པ་བཏབ། འདི་ནི་མེ་འཇིག་བྱུང་བ་ཤེས་ཐུབ། རྗེས་སུ་མདོ་སྔགས་ཕུན་ཚོགས་དར་རྒྱས་གླིང་བཙུགས་ནས་བསྟན་པ་སྤེལ་བར་བྱས། ད་ལྟ་སོལ་བ་དང་ཐལ་སྐྱ། ས་ཚིག་སོགས་འབུད་བཞིན་འདུག གསས་ཁང་གི་ཀ་རྡོ་དང་སོ་ཕག སྨན་རྐོ་སོགས་མཐོང་རྒྱུ་འདུག་གོ།

གསས་མཁར་རིག་འཛིན་འདུ་གནས་ཀྱི་དགོན་ཤུལ།

གསས་མཁར་རིག་འཛིན་འདུ་གནས་གནས་ཀྱི་དགོན་ཤུལ་ནི་རེབ་གོང་རྫོང་རྒྱལ་བོ་ཞང་སྐྱིད་ཚང་མཁར་གོང་སྡེ་བའི་ཉེ་འགྲམ་ན་ཡོད་ལ་། གསས་མཁར་རིག་འཛིན་འདུ་གནས་ནི་དུས་རབས་བཅུ་བའི་སྐབས་སུ་བྱོན་པའི་སྤྱི་རྟིང་འཁོར་ལོས་བསྒྱུར་བའི་གདུང་རྒྱུད་འཕེལ་ནས་གསས་མཁར་རིག་འཛིན་འདུ་གནས་ཀྱི་དགོན་པ་བཏབ་ཅིང་དགོན་འདི་སྔགས་དགོན་ཡིན། སོག་དམག་གིས་མེད་པར་བཟོས། རྗེས་སུ་དགོན་པའི་ཚབ་ལ་སྤྱིའི་ཀུན་ཁྱབ་གཡུང་དྲུང་གླིང་ཆགས་ནས་བོན་བསྟན་འཕེལ་བར་བྱས། ད་ལྟ་སྒར་ཆག་ཟེར་བཞིན་ཡོད་ལ་སྒར་ཤུལ་ནས་ཤིང་ཤུན་ལ་བྲིས་པའི་གསུང་རབ་ཀྱི་རིགས་དང་། ས་ཚ། སོ་ཕག་སོགས་འབུད་བཞིན་ཡོད་དོ།།

ཤར་ཕྱོགས་དཀོན་མོའི་ཉིན་གྱི་དགོན་ཤུལ།

ཤར་ཕྱོགས་དཀོན་མོའི་ཉིན་གྱི་དགོན་ཤུལ་ནི་རེབ་གོང་རྫོང་རྒྱལ་བོ་ཞང་ངོ་མོ་སྡེ་བའི་ཉེ་འགྲམ་ན་ཡོད། དཀོན་མོའི་ཉིན་གྱི་དགོན་པ་ནི་དུས་རབས་བཅུ་བའི་སྐབས་སུ་བྱོན་པའི་གྲུབ་ཆེན་ངོ་མོ་ཡེ་ཤེས་མཚོ་རྒྱལ་གྱིས་ཕྱག་བཏབ་པ་ཞིག་ཡིན་ལ། དབང་ཆེན་འབུམ་རམ་རོལ་གསུམ་གྱི་བསྟན་པའི་གནས་གཞི་བཟུང་ཞིང་གསང་སྔགས་སྒོམ་སྒྲུབ་ཉམས་ལེན་གཙོ་བོར་བྱེད། སོག་དམག་བོད་དུ་ཐོན་ནས་དཀོན་མོའི་ཉིན་དགོན་པ་འདི་ཡང་མིང་གི་ལྷག་མར་གྱུར། དེའི་རྗེས་སུ་རྒྱལ་བསྟན་ཡེ་ཤེས་རྒྱ་མཚོའི་གླིང་བཙུགས་ནས་བསྟན་པའི་རྒྱལ་མཚན་དགུང་དུ་བསྒྲེངས་པར་བྱས། ད་ལྟ་དགོན་ཤུལ་ནས་དངོས་རྫས་འགའ་རེ་འབུད་བཞིན་འདུག་གོ།

ཁྱུང་པོ་དར་ལྡིང་དགོན་པའི་དགོན་ཤུལ།

ཁྱུང་པོ་དར་ལྡིང་དགོན་པའི་དགོན་ཤུལ་ནི་རེབ་གོང་རྫོང་ཧོར་ནག་ཞང་ཁྱུང་པོ་སྡེ་བའི་ཉེ་འགྲམ་ན་ཡོད། ཁྱུང་པོ་དར་ལྡིང་དགོན་པ་ནི་གྲུབ་པའི་དབང་ཕྱུག་ཁྱུང་དཀར་ཚངས་པའི་གདུང་རྒྱུད་འཕེལ་ནས་ཁྱུང་པོ་དར་ལྡིང་དགོན་པ་བཏབ། གསང་བ་སྔགས་ཀྱི་སྡེ་ཡིན་ལ་དབལ་རམ་འབུམ་གསུམ་དང་རྫོགས་ཆེན་སྙན་བརྒྱུད་ཀྱི་བསྟན་པའི་མཛད་འཕྲིན་རྒྱས། རབ་བྱུང་ལྔ་བའི་སྐབས་སུ་ཇིང་གར་རྒྱལ་རབས་ཀྱིས་གནོད་འཚེ་འོག་འཇིག རྗེས་སུ་ཁྱུང་དཀར་བསྟན་པ་རྒྱ་མཚོའི་གླིང་བཙུགས་ནས་བསྟན་པ་དར་ཞིང་རྒྱས་པར་གྱུར། ད་ལྟ་དགོན་ཤུལ་ནས་ས་རྫ་དང་དངོས་རྫས་རེ་འགའ་རྙེད་སོན་བྱུང་ངོ་།།

ཧོར་ནག་གནམ་སྟེང་ཞྭ་དཀར་དགོན་པའི་དགོན་ཤུལ།

ཧོར་ནག་གནམ་སྟེང་ཞྭ་དཀར་དགོན་པའི་དགོན་ཤུལ་ནི་རེབ་གོང་རྫོང་ཧོར་ནག་ཞང་རི་གོང་རུ་གོང་ཞོལ་སྡེ་བའི་ཉེ་འགྲམ་ན་ཡོད། ཁྱུང་དཀར་ཚངས་པའི་གདུང་རྒྱུད་འཕེལ་བའི་བར་སྐབས་ཤིག་ལ་བཏབ་པར་གྲགས། རབ་བྱུང་བཅུ་གསུམ་པའི་ནང་དགེ་ལུགས་པའི་དགོན་སྡེ་ཧོར་ནག་བཀྲ་ཤིས་འཁྱིལ་དང་ཕྱོགས་གཅིག་ཏུ་བསྡུས་ནས་འཇིག་པ་ཡིན། སྐུ་གསུང་ཐུགས་རྟེན་རྣམས་རབ་བྱུང་བཅུ་དྲུག་པའི་ས་ཁྱི་ལོའི་བར་བོན་པོ་རྣམས་མཇལ་ཆོག་པར་ཡོད། ད་ལྟ་དགོན་ཤུལ་ནས་སོ་ཕག་མང་པོ་འབུད་བཞིན་འདུག་གོ།

༢༠༡༧.༧. ༡༢ ཉིན་བྲིས།

རྩོམ་འདིའི་རྩ་གཉིས་ཨང་།

རེབ་གོང་ཡུལ་དུ་གནས་པའི་བོན་གྱི་དགོན་ཤུལ་ཁག་ཅིག་ལ་ཉུལ་བའི་རེག་ཟིག” སྟེང་དུ་དཔྱད་མཆན 1 ཡོད།

  1. དེ་དུས་ཧོར་དམག་གིས་བོན་པོ་གཅིག་པུའི་དགོན་པ་ཡོད་ཚད་བསྣུབས་པ་རེད་དམ། ཆོས་ལུགས་གཞན་གྱི་དགོན་པའང་བསྣུབས་པ་རེད། དེ་དུས་རེབ་ཀོང་ན་རྙིང་ཆོས་དར་ཡོད་དམ། །

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།