རོང་སྒོམ་རྟོག་མེད་ཞིག་པོའི་སྒྲུབ་ཕུག་གི་སྐོར།

     རོང་སྒོམ་རྟོག་མེད་ཞིག་པོའི་སྒྲུབ་ཕུག་གི་སྐོར།
ནག་རུ་དགེ་ལེགས་སྦྱིན་པ།

༄༅། །ཁོ་བོས་བོན་འཁོར་གྱི་གནའ་ཤུལ་དུ་གནས་མཇལ་གྲུབ་པ་དང་དེ་ནས་བོན་ཕུག་ཅེས་འབོད་སའི་སྒྲུབ་གནས་མཇལ་དུ་ཕྱིན་པ་ཡིན། དེར་སྒྲུབ་ཕུག་ངོ་མཚར་ལྡན་པ་ཞིག་འདུག་པ་འདིར་དེང་སང་ཡང་གློ་བོའི་ཡུལ་མི་ཚོས་བོན་ཕུག་ཅེས་འབོད་བཞིན་འདུག ཕུག་པ་འདི་ནི། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་གཅིག་རྒྱུད་བསྟན་པའི་རྐང་འཛིན་རོང་སྒོམ་རྟོག་མེད་ཞིག་པོའི་སྒྲུབ་གནས་ཁྱད་པར་ཅན་ཞིག་ཡིན།
1
རོང་སྒོམ་རྟོག་མེད་ཞིག་པོ་ནི་དུས་རབས་བཅུ་བའི་ནང་སྐོར་དུ་གློ་སྟོད་ཀྱི་ས་ཆར་རོང་པོའི་གདུང་ལས་འཁྲུངས་ཤིང་། ཁོང་གིས་རྩ་བའི་བླ་མ་ཞང་ཞུང་སྙན་རྒྱུད་ཀྱི་བསྟན་པའི་མངའ་བདག་རྩི་བདེ་བ་རིང་མོའི་དྲུང་ནས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་མན་ངག་ལག་ལེན་དང་བཅས་པ་ཞུས་ནས་ཀླུ་སྲིན་གཉིས་ཀྱི་བྲག་ལ་ཉི་ཟླ་མིག་གིས་མི་མཐོང་བར་ཚེ་དང་སྒྲུབ་པ་མཉམ་སྐྱེལ་གནང་ནས་མཐར་སྐུ་གསུམ་གྱི་དགོངས་པ་མངོན་དུ་བྱས་པར་གསུངས། ཕུག་པ་འདི་ནི་བླ་མ་འདི་ཡི་སྒྲུབ་གནས་བྱིན་ཅན་ཡིན་པར་མ་ཟད། རྒྱལ་གཤེན་ཡ་ངལ་བ་ཤེས་རབ་རྒྱལ་མཚན་དང་མཇལ་འཕྲད་གནང་ནས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་གདམས་ངག་ནོད་སའི་སྒྲུབ་ཕུག་ཀླུ་སྲིན་གཉིས་ཀྱི་བྲག་ཅེས་བོན་གྱི་ལོ་རྒྱུས་ཐོག་གྲགས་པ་ལྟར་དེ་ཉིད་ཡིན་པའང་ར་འཕྲོད་བྱུང་། དེང་སང་གློ་བོའི་མི་ཚོའི་ངག་རྒྱུན་ནས། གློ་སྨོན་ཐང་ཞང་ཞུང་ཞག་གི་འཁྱིལ་བ་འདྲ་བ། ཤར་རི་སྡེ་སྟེང་གཉིས་པོ། འགྲོ་ས་བོན་པོའི་ཡུལ་ཡིན། ཉིན་ཉི་མ་མི་མཐོང་། མཚན་ཟླ་བ་མི་མཐོང་བའི་ཕུག་ན། བོན་རང་དོན་རྟོགས་པའི་བླ་མ་བཞུགས། ཞེས་བོན་གྱི་ཡིག་ཆ་ཁག་ལས་རོང་སྒོམ་རྟོག་མེད་ཞིག་པོ་ཀླུ་སྲིན་གཉིས་ཀྱི་བྲག་ལ་ཉི་ཟླ་མིག་གིས་མི་མམཐོང་བར་བཞུགས་པ་གསལ་བ་དེ་དང་ཤིན་ཏུ་ཆ་འདྲ་བའི་སྡོམ་ཚིག་ཅིག་ཁོ་ཚོའི་ངག་རྒྱུན་དུ་བརྗོད་སྲོལ་མ་ཉམས་པར་གནས་མུས་སུ་སྣང་།
2
དེ་ལྟར་བོན་ཕུག་ཅེས་འབོད་སའི་སྒྲུབ་ཕུག་འདི་ཉིད་རོང་སྒོམ་རྟོག་མེད་ཞིག་པོའི་སྒྲུབ་གནས་ཡིན་པ་ཤེས་བྱེད་ནི། རོང་སྒོམ་རྟོག་མེད་ཞིག་པོ་མཆོག་གློ་སྟོད་བོན་འཁོར་གྱི་ཕུ། གཡས་ཟུར་གྱི་རོང་ལ་བཞུགས་པ་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བརྒྱུད་པའི་བླ་མ་རྣམ་ཐར་ལས་གསལ་བ་ལྟར་བོན་འཁོར་གྱི་གཡས་ཟུར་ལ་ཡོད་པ་དང་། ཉི་ཟླ་མིག་གིས་མི་མཐོང་བར་འགྲེལ་བརྗོད་བྱས་པ་སོགས་ཀྱི་ཁྱད་བོན་ཡོངས་སུ་རྫོགས་པའི་སྒྲུབ་ཕུག་ངོ་མཚར་ཆེ་བ་ཞིག་འདུག་པས་ཡིན། དེ་ཡང་གཙོ་བོའི་སྒྲུབ་ཕུག་འདི་ལ་མཆོད་ཁང་དང་། ཐབ་ཚང་གཉིས་སུ་སྣང་ལ། ད་ལྟ་ཕུག་པའི་ཕྱི་ལོག་ནས་ཡར་བལྟས་ན་སྒྲུབ་ཕུག་གི་ནང་ཚང་མ་མཇལ་གྱི་འདུག་ཀྱང་། ཕྱི་ལོག་གི་ཕུག་པའི་ཞིག་ཤུལ་དང་། སྒོ་ཡི་ཆགས་ཚུལ་སོགས་གང་ལ་གཞིག་ན་སྔར་ཕུག་པའི་ཕྱི་ངོས་ནས་ཡར་བལྟས་ན་ཕུག་པའི་ནང་མི་མཐོང་བ་ཞིག་ཡིན་འདུག་པ་ནི། ཕྱི་ངོས་ཀྱི་ཞིག་ཤུལ་ལ་བརྟག་ན་གསལ་བོར་མཐོང་ཐུབ། མཆོད་ཁང་ནང་གི་གྱང་ངོས་སུ་རི་མོ་སྣ་ཚོགས་འདུག་པར་ང་ཚོས་དཔར་ལེན་བྱས་ནས་ནུབ་ཕྱོགས་ཀྱི་མཁས་དབང་ཆར་ལའི་སི་རམ་བྷོལ་དང་། ཁོང་གི་རོགས་པ་ཚོ་ལ་བསྟན་པས་ཁོ་ཚོས་དེ་ནི་ལོ་ཟླ་ཡི་རྟགས་ཡིན་པ་འགྲེལ་བརྗོད་བྱས་སོང་། གང་ལྟར་སྒྲུབ་ཕུག་འདི་རོང་སྒོམ་རྟོག་མེད་ཞིག་པོའི་སྒྲུབ་ཕུག་ཡིན་པ་ངོས་འཛིན་གསལ་བོར་ཐུབ་པ་ནི། སྔ་མའི་ལོ་རྒྱུས་དང་ད་ལྟ་མཐོང་བཞིན་པའི་ཕུག་པའི་ཆགས་ཚུལ་དང་དབྱིབས་བཀོད། ཡུལ་མིའི་ཤོད་རྒྱུན་སོགས་གཅིག་མཐུན་དུ་བྱུང་བར་བརྟེན་དོགས་གནས་སུ་མ་མཆིས་སོ། ། ཕྱིས་སུ་དུས་རབས་བཅུ་དགུ་བའི་ནང་དཀར་རུ་གྲུབ་དབང་རིན་པོ་ཆེ་ཡང་སྒྲུབ་ཕུག་འདིར་ཟླ་བ་གཅིག་གི་རིང་ལ་མུན་མཚམས་ལ་བཞུགས་ཤིང་ཉམས་རྟགས་ཐུན་མོང་མ་ཡིན་པ་ཐུགས་རྒྱུད་ལ་འཁྲུངས་ཡོད་པ་ནི། ཉིད་ཀྱི་རང་རྣམ་ལས། གྲོགས་གསུམ་དང་བཅས་གློ་བོའི་ཕྱོགས་སུ་སོང་། གློ་སྟོད་རོང་སྒོམ་རྟོག་མེད་ཞིག་པོ་ཡི། །སྒྲུབ་ཕུག་དེ་རུ་མུན་མཚམས་ཟླ་གཅིག་བྱས། །སེམས་ལ་འོད་གསལ་ཤར་ཞིང་ཐུན་སྒོམ་གྱི། །ཐིམ་རིམ་རྫོགས་པའི་ཕྱི་ནང་རྟགས་རྣམས་ནི། །མངོན་སྣང་ཤར་བས་ངེས་དོན་ནང་ལྟར་རོ། །ཞེས་གསུངས་སོ། །

དཔྱད་མཆན 2 ཡོད།

  1. རོང་སྒོམ་ཏོག་མརད་ཞིག་པོའི་སྒྲུབ་ཕུག་གློ་བོ་སྨད་ཀླུ་བྲག་ཏུ་ཡོད་པར་བཤད། གོང་དུ་གློ་བོ་སྨད་ཟེར་ན་ཕལ་ཆེར་གཏན་གཏན་གཅིག་ཀྱང་མི་གདའ། གང་བྱུང་མང་བྱུང་བྲིས་ན་འབྲིག་གི་ཨེ་ཡོད་ན། བོན་ཡང་སྟོན་བླ་མའི་གསུང་རྣམ་ནང་གློ་བོ་སྨད་ཀླུ་བྲག་ཅེས་གསལ་འདུག་ལ། ཡང་སྐབའ་འདིར་ས་ཆ་དེ་ནི་གློ་བོ་སྟོད་ཟེར་བ་དང་འགྲེལ་བ་ཡང་ཏོག་ཙམ་མི་མཐུན།

    1. མེད།སྐབས། ཀླུ་བྲག་ནི་གློ་བོ་སྨད་དུ་ཡོད་པ་གློ་བོ་བ་ཚང་མས་ཧ་གོ། སྟོད་དུ་ཡོད་པ་ནི་ཧ་མི་གོ། ཡག་པོ་གཞིབ་འཇུག་གནང་རོགས། བོན་འཁོར་རམ་བོན་སྐོར་ཟེར་བ་དེའང་གློ་བོ་སྟོད་ཕྲད་མཁར་ཟེར་བའི་ཡུལ་གྲོང་རྙིང་པའི་མིང་ལ་བོན་སྐོར་དང་བོན་འཁོར་ཟེར། བོན་འཁོར་ནི་དེང་གྱང་རོལ་ཙམ་ལས་མཐོང་རྒྱུ་མེད།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།