༈ ཨ་ཡིག་ངང་ལས་ཟེར་འཕྲོས་ཤར་བའི་སྐུ། །གཞུང་ཆེན་རབ་འབྱམས་རྒྱ་མཚོ་སྨྲ་བའི་གསུང་། །
ཇི་ལྟ་ཇི་སྙེད་ཝ་ལེར་མཁྱེན་པའི་ཐུགས། །ལྷ་ཅིག་འོད་དཀར་གནས་འཛིན་གཙོ་ལ་འདུད། །
༈ གཞི་ལམ་འབྲས་ཏིང་རིམ་གཉིས་མཐར་སོན་ཅིང་། །ཨེ་ཝཾ་ཟུང་འཇུག་ལྷ་སྐུའི་འཁོར་ལོར་ཤར། །
རྣམ་སྨིན་ཚེ་དབང་ཕྱག་ཆེན་ལྷུན་གྲུབ་ངང་། །རྩ་གསུམ་ཛཱ་ཡ་དང་པོའི་འོད་སྐུར་གྲོལ། །
སྔགས་ལ་སྦྱར་བ་དགེ། ཏིང་འཛིན་རྣམ་གསུམ་ནི། གཞི་དེ་བཞིན་ཉིད། ལམ་ཀུན་ཏུ་སྣང་། འབྲས་བུ་སྤྲུལ་བ་རྒྱུའི་ཏིང་འཛིན་ནོ།། རིམ་གཉིས་ནི། བསྐྱེད་རིམ་དང་། རྫོགས་རིམ་མོ།། ཨེ་ཝཾ་ནི། ཐབས་ཤེས་སམ་བདེ་སྟོང་། ཟུང་འཇུག་ནི། སྒྱུ་ལུས་དང་འོད་གསལ་ཟུང་དུ་འཇུག་པའི་སྐུར་བཞེངས་པའོ། ། རིག་འཛིན་རྣམ་བཞི་ནི། རྣམ་པར་སྨིན་པའི་རིག་འཛིན། ཚེ་ལ་དབང་བའི་རིག་འཛིན། ཕྱག་རྒྱ་ཆེན་པོའི་རིག་འཛིན། ལྷུན་གྱིས་གྲུབ་པའི་རིག་འཛིན་ཏེ་བཞི་བོ་འདིས་སྔགས་ཀྱི་ཚོགས་ལམ་ནས་འབྲས་བུའི་བར་བགྲོད་པའོ།།
༈ ཀུན་མཁྱེན་གྲུབ་དངོས་གཅིག་མཆོག་རྗེ་ཉིད་སྟོན། །ཐུགས་དག་རྣམ་དཔྱོད་འཕྲུལ་དབང་སྨྲ་རྩོམ་མཚར། །
འཚོ་མཛད་ཝེར་ཞི་ཟླ་འོད་ཡེ་རིག་ལེགས། །གཤེན་སྲས་ལྷ་རྗེའི་མགྲིན་པའི་ཨཱོྃ་ལས་འཁྲུངས། །
གཤེན་སྲས་ལྷ་རྗེའི་གསུང་སྤྲུལ་རྗེ་ལུང་རྟོགས་སྐལ་བཟང་རྒྱ་མཚོའམ་སྨྲ་དབང་རིག་པ་རང་ཤར་མཆོག་ལ་བསྔགས་པའི་ཚིགས་བཅད་ཀ་ཁ་རིམ་པར་བསྒྲིགས་པའོ།།
༈ དཀྱིལ་འཁོར་མགོན་དངོས་ཅིག་ཆར་རྗེན་ཉིད་རྟོགས། །ཐུགས་དམ་གནས་པས་ཕུལ་བྱུང་སྨིན་སྩོལ་འཚལ། །
ཛྭ་ཝེར་ཞལ་བཟང་འོད་ཡོངས་རང་ལས་ཤར། །སྭཱཧཱ་ཨ་ཡིག་ཀུན་ཤེས་རྟོགས་ལ་བསྔགས། །
ཀ་ཁ་རིམ་པར་བསྒྲིགས་པའི་ཚིགས་བཅད་དོ། །
༈ ཨེ་མ་དཔལ་ལྡན་བླ་མ་འོད་དཀར་འཆང་། །རྒྱལ་ཀུན་མཁྱེན་བརྩེ་རྣམ་ཐར་ཡོན་ཏན་མཛོད། །
ཇི་སྙེད་ཤེས་བྱ་དུས་གཅིག་མངོན་སུམ་གཟིགས། །རིག་འཛིན་མུ་ལ་ཝེར་ཞིར་ལྷ་ཕྱག་འཚལ། །
༈ ཨེ་མ་མཁས་མཆོག་སྐྱང་སྟོན་ཝ་གིནྡྲ། །དབྱངས་ཅན་བཞད་པའི་ལང་ཚོ་དྲན་ཙམ་ན། །
ལྷ་སྔགས་རིམ་གཉིས་ཟབ་མོ་མཐར་ཕྱིན་ཅིང་། །རྗེ་བཙུན་ཡོངས་འཛིན་སྒོམ་པས་འོད་གསལ་ཤར། །
༈ མཁྱེན་པའི་ཡེ་ཤེས་ལྷ་ལམ་དག་པའི་དབྱིངས། །བརྩེ་ཆེན་སྙིང་རྗེ་དཀར་གསལ་ཟླ་བའི་འཛུམ། །
མཐུ་ནུས་འོད་འཕྲོ་པི་ཝང་ཅན་མའི་ཞབས། །ངག་རིག་ཚེ་ནོར་དངོས་གྲུབ་སྟེར་མཛོད་ཨེ། །
༈ འཁོར་བར་ངེས་འབྱུང་འགྲོ་ལ་སྙིང་རྗེ་བསྐྱེད། །ཤེས་རབ་ལྟ་བས་བདག་གཞན་སྨིན་ཅིང་གྲོལ། །
ཝེར་ཡ་ཚད་མེད་འོད་བཟང་འཕྲུལ་གཤེན་གཙུག །གསང་འཛིན་ཆེན་པོའི་རྣམ་ཐར་ཨ་ཧོ་རྨད། །
གསང་སྔགས་བླ་མ་བརྒྱུད་པའི་ཁུངས་ཀྱི་གཙོ་བོ་ནི། ཝེར་ཡ་ནི་རྒྱལ་བ་སྟེ་ཀུན་ཏུ་བཟང་པོ། ཚད་མེད་འོད་ལྡན། བཟང་ཟ་རིང་བཙུན། འཕྲུལ་གཤེན་སྣང་ལྡན། འཆི་མེད་གཙུག་ཕུད། གསང་བ་འདུས་པ་རྣམས་སོ།།
༈ ཨ་ཧོ་ལྔ་རིག་ལི་ཤིའི་ཚལ་ཟོས་པའི། །མཁས་དབང་གཉིས་འཐུང་ཞལ་གྱི་དྲི་བསུང་མཆོག །
བསྟེན་ན་རྒྱལ་ཡུམ་འཕགས་མ་པི་ཝང་ཅན། །མགྲིན་པ་འོ་མཚོའི་ཀློང་དུ་རྩེད་འཇོ་མཛོད། །
སརྦ་དཱ་ཀ་ལྱ་ནཾ་བྷ་ཝནྟུ།
༈ བསྟན་འཛིན་གསེར་གྱི་རི་བོ་གཟི་འོད་ཅན། །འཕགས་པ་གསུམ་དང་ཞིག་ཆེན་བཅོ་བརྒྱད་རྣམས། །
མཚན་ཉིད་མཁས་བཙུན་བཟང་ལྡན་ཨེ་མ་ཧོ། །བཀའ་དྲིན་ཐུགས་རྗེ་ཡིད་ངོར་ཝ་ལེར་ཤར། །
འཕགས་པ་གསུམ་ནི། སྐྱང་འཕགས། དོ་འཕགས། གཙོ་འཕགས་གསུམ། ཞིག་ཆེན་ནི། རྩེ་ཞིག སྣང་ཞིག སྟག་ཞིག དཔྲ་ཞིག བ་ཞིག འབྲུ་ཞིག ལྡོང་ཞིག སྐམ་ཞིག སེ་ཞིག་བཅས་ལ་ཆེ་ཆུང་གིས་དབྱེའོ།།
༈ ཏང་གི་མི་རིགས་ཆོས་དོན་སྲིད་ཇུས་རྣམས། །རྩ་ཁྲིམས་བཅས་ཤེས་བློ་ངོར་ཝ་ལེར་ཟུངས། །
ཨ་ཧོ་རང་རྒྱལ་སྤྱི་ཚོགས་ཉི་འོད་འཕྲོ། །མཐུན་སྒྲིལ་དཔལ་ཡོན་མཛེས་སྡུག་པད་དཀར་བཞད། །
ཏང་གི་སྲིད་ཇུ ས། མི་རིགས་སྲིད་ཇུས། ཆོས་ལུགས་ལས་དོན་སྲིད་ཇུས་སོགས་ལ་བསྔགས་པའོ།།
༈ ཅན་བཞི་འཛུགས་བསྐྲུན་བྱེད་པའི་ཆུ་གཏེར་རླབས། །གྱེན་དུ་འཕྱུར་བའི་འཁྲི་ཤིང་མཐོན་པོའི་རྩེར། །
ལྔ་རིག་མེ་ཏོག་ནམ་ཡང་ཝ་ལེར་བཞད། །སྲིད་ཇུས་བཟང་བོའི་ཉི་འོད་ཨ་ཧོ་རྨད། །
༧སྨྲས་པ། དབྱངས་ཅན་མགྲིན་པར་རོལ་བའི་རྩེ་དགའ་ཡིས། །དབྱངས་ཀྱི་འཕྲུལ་འཁོར་བསྐྱོད་པའི་དབང་ཐོབ་པ། །དབྱངས་ལྡན་དགྱེས་པའི་བློ་གྲོས་སྨྱུག་རྩེ་ལས། །དབྱངས་གསལ་སོ་བཞི་ཚང་བའི་ཚིགས་བཅད་བྱུང་། ། ༈ ཚིག་སྦྱོར་ཙམ་མིན་དོན་གྱིས་ཕྱུག་པ་དང་། །གསལ་བྱེད་མིང་གཞིར་ཚང་ན་བྱ་དཀའ་ཙམ། །སྔོན་རྗེས་བགྲང་ན་བྱ་དཀའ་མ་ཡིན་ཞེས། །ཁོ་བོའི་བླ་མ་སྨྲ་སེང་དངོས་ཀྱིས་གསུངས། ། ༈ བློ་གསར་ཀློག་ལ་སློབ་པ་ནས་བཟུང་སྟེ། །བློ་ཆེན་གཞུང་ལུགས་དུ་མར་མཁས་པའི་བར། །བློ་ཁ་མཐོ་དམན་དབྱངས་གསལ་སྦྱངས་ལ་རག །བློ་གསལ་གཞོན་ནུ་དགའ་བས་དང་དུ་ལོངས། ། ༈ བསླབ་པ་སྣ་གཅིག་བླངས་པ་ནས། །བསོད་ནམས་ཚོགས་ཀྱི་དབུ་བརྙེས་ཤིང་། །དབྱངས་གསལ་རེ་རེ་ཤེས་པ་ནས། །ཡེ་ཤེས་ཚོགས་ཀྱི་རྨང་གཞི་འབྱུང་། ། ༈ ཚོགས་གཉིས་རྒྱ་མཚོའི་འཕེལ་སྟོབས་ཀྱིས། །རིག་པ་རྒྱ་མཚོ་ནོར་བུའི་མཛོད། །རྒྱལ་སྲས་རྒྱ་མཚོའི་གྲལ་ལ་དབང་། །ཀུན་མཁྱེན་རྒྱ་མཚོ་མཆོག་བརྙེས་ཤོག ། ཅེས་ཀ་རྩོམ་ཕྱོགས་གཅིག་ཏུ་བཀོད་པ་དབྱངས་ཅན་བཞད་པའི་སྒྲ་དབྱངས་ཞེས་པ་རྩོམ་པ་པོ་ནི། ཡུལ་མདོ་སྨད་ཀྱི་མཁས་པ་ཆེན་པོ ༧ སྐྱང་སྟོན་ལུང་རྟོགས་སྐལ་བཟང་རྒྱ་མཚོའི་ཞབས་པད་སྤྱི་བོའི་ཅོད་པན་དུ་ཐོབ་པའི་སྐལ་བ་ཅན ༧ བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའམ་མིང་གཞན་ངག་དབང་དབྱངས་ལྡན་དགྱེས་པའི་བློ་གྲོས་སོ། །
|