ལུང་རྟོགས་ཡོན་ཏན་ཡིད་བཞིན་ནོར་བུའི་ཏོག།མདོ་སྔགས་བསྟན་པའི་རྒྱལ་མཚན་རྩེར་མཆོད་པས།།
ལེགས་བྱས་ཉི་མ་འབུམ་གྱི་གཟི་འོད་ཀྱིས།།འགྲོ་རྣམས་ཕན་བདེའི་པད་ཚལ་ཅིར་ཡང་བཞད།།
ཚུལ་ཁྲིམས་རྩ་བ་རབ་ཏུ་རྒྱས་སྟོབས་ཀྱིས།།ཏིང་འཛིན་འཁྲི་ཤིང་ལོ་འདབ་ལེགས་འཁྲུངས་ཤིང་།།
ཤེས་རབ་འབྲས་བཟང་ཡོངས་སུ་སྨིན་པའི་དཔལ།།སྐལ་བཟང་འགྲོ་བའི་དད་གསུམ་རྒྱན་དུ་མཆོད།།
རྒྱལ་གཤེན་སྟོང་གིས་བགྲོད་པའི་ཟབ་ལམ་མཆོག།རྒྱལ་སྲས་འབུམ་གྱིས་ཡངས་པོར་ཕྱེ་བའི་ཤུལ།།
རྒྱལ་ཀུན་ཇི་བཞིན་བགྲོད་པ་ཆེས་མྱུར་བས།།རྒྱལ་བའི་གོ་འཕང་བདེ་བླག་ཁྱོད་ཀྱིས་བརྙེས།།
གཤེན་བསྟན་ནོར་བུའི་བང་མཛོད་སྒོ་འཕར་ཆེ།།གཤེན་རྒྱལ་དངོས་བཞིན་ཡེ་ཤེས་ལྡེ་མིག་གིས།།
གཤེན་རྣམས་དགྱེས་པའི་དཔལ་དུ་ཡོངས་ཕྱེས་པས།།གཤེན་ལ་དུངས་པའི་གདུལ་བྱ་མཐའ་མ་རིག།
བསྟན་ལ་མཛའ་བའི་སྙིང་སྟོབས་གོ་ཆ་བགོས།།བསྟན་འགྲོར་ཕན་པའི་དམ་བཅའི་ཡུ་བ་བརྟན།།
བསྟན་དགྲ་ཕྱེ་མར་རློག་པའི་རྒྱལ་མཚན་མཐོ།།བསྟན་འཛིན་སྐྱེས་བུའི་གདགས་གཞི་ཁྱོད་ལས་གང་།།
ཕྱོགས་ལས་རྣམ་རྒྱལ་མཉམ་མེད་ཐུགས་ཀྱི་བཅུད།།ཕྱོགས་བྲལ་འཛིན་སྐྱོང་སྤེལ་བའི་དབྱར་རྔའི་སྒྲ།།
ཕྱོགས་སུ་ལྡིར་བའི་རྩེ་དགའ་མ་ཉམས་པས།།ཕྱོགས་ཀྱི་མདོངས་མཐའ་སྤྲོ་བའི་གར་གྱིས་བྲེལ།།
འཆད་རྩོད་ངག་གི་གད་རྒྱངས་ཆེར་སྒྲོག་པས།།སྨྲ་ངན་ལག་ལྡན་སྟོང་གི་ཁྱུར་ལོངས་ཀྱང་།།
དར་ཅིག་འཇོམས་པའི་རྒྱལ་རྔ་ཆེར་ལྡིར་བའི།།གྲགས་པ་དཀར་པོ་སྲིད་ཞིའི་ཁོངས་ལས་བརྒལ།།
སྡེ་གསུམ་བོན་གྱི་གཤོག་ཟུང་རྡེབ་ཤུགས་ཀྱིས།།འཇིག་རྟེན་གསུམ་པོ་ཟིལ་ཀྱིས་གནོན་བྱེད་པ།།
བསྟན་པའི་བདག་པོ་ཁྱུང་ཆེན་དར་མའི་སྟོབས།།སུས་ཀྱང་མ་བཟོད་ཐམས་ཅད་བག་ཡོད་བྱས།།
བྱམས་བརྩེའི་འཛུམ་དཀར་འཕྲོ་བའི་འོད་རླབས་ཀྱིས།།འགྲོ་ཁམས་མོས་པའི་འཇིག་རྟེན་ཡོངས་གསལ་ཞིང་།།
ཐེག་དགུ་བོན་གྱི་ཛཱ་ཏིའི་དྲི་བསུང་གིས།།ཐར་བའི་གྲོང་ཁྱེར་ཀུན་ནས་མཛེས་པ་བྱིན།།
བཤད་སྒྲུབ་འཕྲིན་ལས་གདུགས་དཀར་གཅིག་གིས་ཀྱང་།།བོན་བསྟན་འཛིན་མའི་བར་སྣང་ཡོངས་ཁྱབ་པས།།
རྟག་གཟིགས་འོལ་གླིང་ཞིང་གི་མཛེས་སྡུག་ཀྱང་།།མོག་པོར་རྫུ་བའི་ཆོ་ག་ཀུན་ནས་ངོམ།།
སྙིགས་དུས་ལོག་སྨོན་སྟོང་གི་སྤྲིན་ནག་གིས།།གྱེར་བསྟན་ག་བུར་འཛུམ་ཞལ་གཡོལ་བའི་སྐབས།།
སླར་ཡང་བཅུ་དྲུག་ཆ་ཤས་རབ་རྫོགས་པའི།།ཀུན་ཕན་ཟླ་གཞོན་ལང་ཚོ་དར་བར་བྱས།།
རིང་ནས་གོམས་པའི་སྤངས་རྟོགས་འོད་རྣོན་གྱིས།།འཁོར་ལོ་གསུམ་གྱི་འདབ་མ་ཡོངས་བཀྲོལ་བས།།
གསུང་སྐྱེས་ལྕགས་ཀྱི་སྒྲོ་ལྡན་ཁྲི་ཕྲག་དབྱངས།།ས་གསུམ་ཤིས་པར་སྒྲུབ་པའི་མཐའ་མི་དཔོག།
ཁྱོད་ཐུགས་གསེར་གྱི་བུམ་བཟང་ཞལ་ཡངས་ལས།།ལེགས་པར་ཟགས་པའི་དབང་ལུང་བདུད་རྩིའི་བཅུད།།
གཞིབ་པའི་སྐལ་བ་ཡུལ་གྱིས་རྣམ་བསྐལ་བས།།འདིར་འཁོད་དངན་པའི་སྨུག་སྤྲིན་ཁོར་ཡུག་བསྒྲིབས།།
ཚོགས་གཉིས་གསེར་གྱི་ཁམས་ལས་ལེགས་གྲུབ་ཅིང་།།གཟུགས་སྐུའི་ལྷུན་པོ་གཟུགས་ཁམས་ལས་མཐོ་བས།།
བཅུ་ཕྲག་བརྒྱད་གྱི་བགྲང་བྱ་གངྒཱའི་རྒྱུན།།ལྷ་མིའི་ཞིང་དུ་འབབ་པས་སྐལ་བ་སྦོམ།།
སྐུ་ཚེ་མི་འགྱུར་གཡུང་དྲུང་རང་བཞིན་དུ།།གཞོམ་གཞིག་བྲལ་ཅིང་རང་བསྟན་དར་བ་དང་།།
འགྲོ་རྣམས་ཐར་བའི་ལམ་མཁན་མཛད་པའི་ཕྱིར།།མཛེས་སྐུ་ཉིན་བྱེད་བསྐལ་བའི་མཐར་གསལ་ཤོག།
|