ཞུ་ཚིག་དད་པའི་མེ་ཏོག


— སྨན་རིའི་ཁྲི་འཛིན་རིན་པོ་ཆེར་ཕུལ་བ།

གང་གིས་ཞི་བའི་ས་བོན་ཉེར་བསྐྲུན་ཏེ།།
ཞིང་ཁམས་རབ་འབྱམས་བདེ་བའི་སར་འགོད་ཅིང་།།
ལུང་དང་རྟོགས་པའི་གྲུ་ཆར་འཇོ་མཛད་པ།།
གངས་ཅན་བསྟན་པའི་བདག་པོ་ཡོངས་ལ་འདུད།།

བསིལ་བསིལ་རླུང་བུ་ལྡང་བའི་འགྲོས་གཅིག་གིས།།
སུ་དང་གང་ལ་དགའ་བའི་དཔལ་སྦྱིན་པ།།
འཕྲིན་བཟང་གསེར་གྱི་རོལ་མོ་ཁྲོལ་བ་འདིས།།
བདག་ཡིད་དད་པའི་པདྨོ་འཛུམ་པར་བྱས།།

སུ་ཞིག་གོང་ནས་གོང་དུ་འདྲེན་བྱེད་ཅིང་།།
གང་ལ་ཕན་དང་བདེ་བའི་གཡང་འགུག་པ།།
ཟད་མེད་བདེན་པའི་དར་ཆེན་གཡོབ་པ་ཁྱེད།།
འདི་ན་ཁོ་བོས་སྙིང་གི་གུར་དུ་མཆོད།།

གྲངས་མེད་བསྐལ་བའི་ཕུགས་ལམ་བརྒྱུད་པ་ཡི།།
མེས་པོའི་སྙིང་གི་འཕར་ལྡིང་མ་འཇགས་པ།།
གཤེན་བསྟན་མི་ནུབ་རྟག་པར་སྐྱོང་བ་འདི།།
ཀྱེ་མ་འདི་ཕྱི་དགའ་བའི་འཕྲིན་ལས་ཉིད།།

གངས་ཅན་བསིལ་བའི་ཁོངས་ནས་རབ་བརྒལ་ཏེ།།
ཚ་བའི་ཡུལ་དུ་རྒྱལ་ཐབ་ཟིན་པ་དེས།།
གང་ཁྱེད་མི་འགྱུར་སྙིང་གི་སྟོབས་ཤུགས་དེ།།
བདག་ཅག་ཕྱི་རབས་སྙིང་ལ་འགོད་པར་སྐུལ།།

བསྟན་པའི་ཁུར་ཆེན་གསེར་གྱི་གླང་བོ་བཞིན།།
འཁུར་དུ་ལྕི་བའི་ངང་ཚུལ་ཧ་ལས་ཀྱང་།།
མཆོག་ཉིད་བསོད་ནམས་ས་གཞིའི་བརྟན་བརླིང་གིས།།
ཡང་བོར་འདེགས་པའི་ཡིད་ཆེས་བདག་ལ་མཆིས།།

བརྒྱད་ཅུའི་ལོ་ཟླའི་རི་ཡིས་གཉའ་ནོན་ཀྱང་།།
དཀའ་བའི་གནས་ལ་བཟོད་པའི་སྦྱངས་པ་ཡིས།།
ད་དུང་མི་ཟད་གདམས་པའི་བགོ་བྱ་དག།
ཀུན་ལ་སྦྱིན་པའི་ཡིད་ཆེས་ཁོ་བོར་བདོག།

དེའི་ཕྱིར་རེ་སྨོན་སྟོང་གི་དད་ཕྱག་འདིས།།
གང་ཁྱེད་ཞབས་པད་ཡུན་རིང་བརྟན་པའི་ངོར།།
མི་འགྱུར་གཡུང་དྲུང་བདེན་པའི་གྲུ་ཆར་གྱིས།།
འགྲོ་བའི་ཞིང་ས་བརླན་གྱིས་ཟིན་པར་ཞུ།།

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།