སྨན་ལྗོངས་བསིལ་མོའི་དགེ་མཚན།

སྲིད་གསུམ་མཛེས་རྒུའི་སྙིང་པོ་ཀུན་རྫོགས་བཅུ་དྲུག་གཞོན་ནུའི་ལང་ཚོ་སྨིན། །
རིས་མེད་རྒྱལ་ཀུན་མཁྱེན་བརྩེ་གཅིག་བསྡུས་ཟག་མེད་ཡེ་ཤེས་འོད་དུ་འཚེར། །
ཟབ་དོན་རྒྱུད་མངས་དབྱངས་སུ་དྲངས་པའི་སྙན་འགྱུར་སྟོང་གི་གླུ་དབྱངས་ཅན། །
རྒྱལ་བའི་ཡུམ་ཆེན་ཚངས་སྲས་བུ་མོ་བདག་མགྲིན་ལོངས་སྤྱོད་ཁབ་ཏུ་རོལ། །

 

སྨྲ་བསམ་བརྗོད་འདས་དགེ་མཚན་སྟོང་གིས་ལྷ་ཡི་ཞིང་ལ་ཅོ་འདྲི་ཞིང༌། །

འཛམ་གླིང་གོ་ལའི་ཡང་རྩེར་བརྗིད་པས་གྲགས་སྙན་སྲིད་པའི་མཐའ་ལས་འགོངས། །

ས་འཛིན་བུ་མོའི་རྒྱན་དུ་གཏམས་པའི་གངས་ཀྱི་རི་བོ་ཚར་དུ་དངར། །

དུས་བཞིའི་འགྱུར་བག་ཀུན་ནས་སྙོམས་པའི་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང༌། །

 

རྣམ་འདྲེན་ཞབས་ཟུང་པད་མོ་བཀོད་ཅིང་རབ་འབྱམས་བཀའ་ཡི་འཁོར་ལོ་བསྐོར། །

རྐང་གཉིས་མི་རྣམས་སེམས་རྒྱུད་དུལ་ཞིང་རྣམ་དཀར་དགེ་ལ་རྟག་ཏུ་འབུངས། །

འཚེ་མེད་ཞི་བའི་བསྟི་གནས་ཞེས་དང་ཆོས་ལྡན་ལྷ་ཡི་ཞིང་དུ་གྲགས། །

བརྩེ་ལྡན་ཉི་ཟླ་རྟག་ཏུ་ཚེས་པའི་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང༌། །

 

རིགས་རྒྱུད་གཙང་མའི་བྱུང་ཁུངས་བཙུན་ཞིང་ལོ་རྒྱུས་སྙན་པའི་རྡོ་རིང་བརྗིད། །

གནམ་གྱི་ཁྲི་བདུན་མཁའ་ལས་བབས་ཏེ་མགོ་ནག་མི་ཡི་རྗེ་བོ་མཛད། །

སྲིད་འབྱོར་རིག་གསུམ་དར་བའི་དཔལ་ལ་མི་རིགས་གཞན་གྱིས་འགྲན་མི་བཟོད། །

སྔ་རབས་བྱུང་བ་དོན་དང་ལྡན་པའི་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང༌། །

 

ཁོར་ཡུག་ལྗོན་ཤིང་འཕྲེང་བས་བསྐོར་ཞིང་མཁའ་དབུགས་དྭངས་མའི་བསིལ་རླུང་ལྡང༌།།

ཀོ་ཀི་ལ་ཡི་གྲེ་འགྱུར་དབྱངས་ཀྱིས་བརྩོན་པའི་ལས་ལ་ཅི་ཡང་བསྐུལ། །

སྟོང་ལྡན་མེ་ཏོག་དབུ་ལོ་ལྡེམ་ལྡེམ་རྐང་དྲུག་གཞོན་ནུ་གར་ལ་བྲེལ། །

བལྟ་བས་མི་ངོམས་མཛེས་སྡུག་སྟོང་ལྡན་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང༌། །

 

མཐོན་པོའི་རི་ལུང་སྨུག་པའི་ཁྲོད་ན་སྣ་ཚོགས་རི་སྐྱེས་བག་ཡངས་རྒྱུ། །

དམའ་མོའི་སྔོ་ལྗང་སྤང་གི་ལྟོ་བར་རྟ་ནོར་ལུག་གིས་བྱུར་བུར་བཀང༌། །

མ་བརྩིགས་རང་བྱོན་བྲག་རིའི་ངོས་སུ་རྦབ་ཆུ་སྔོན་མོའི་རྒྱུན་ཀླུང་འབབ། །

བདེ་ལྡན་ཞིང་བཀོད་ས་ལ་འཕོས་འདྲའི་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང༌། །

 

བྱིན་རླབས་གནད་ཀྱི་ཚན་ཁ་འབར་བའི་གངས་དཀར་ཏི་སེ་སྟོད་ན་བརྗིད། །

འཕྲོག་བྱེད་གཞོན་ནུའི་མཆེ་བ་ལྟར་དཀར་རྨ་རྒྱལ་གངས་རི་སྨད་ན་འགྱིང༌། །

རབ་དཀར་རྩེ་མོ་དགུང་ལ་སྙེགས་པའི་ཧི་མ་ལ་ཡའི་དབུ་འཕང་མཐོ། །

མཐོན་པོའི་རི་རྣམས་བྱེད་པོས་བྱས་བཞིན་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང༌། །

 

 

ཡར་ཀླུང་གཙང་པོའི་དགོད་སྒྲ་སྙན་ཞིང་མ་ཕམ་གཡུ་མཚོ་སྟོད་ན་འཁྱིལ། །

ངང་དཀར་སྟོང་ཚོགས་དགྱེས་གར་རོལ་བའི་ཁྲི་ཤོར་རྒྱལ་མོ་སྨད་ན་འཕྱོ། །

ཡན་ལག་བརྒྱད་ལྡན་རྨ་ཀླུང་སྔོན་མོས་བདུད་རྩིའི་རླབས་འཕྲེང་དགུང་དུ་གཏོར། །

དྭངས་ཤིང་གཙང་མའི་ཆུ་རྒྱུན་རང་འབབ་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང༌། །

 

མཐོ་སྒང་འབྲོག་པའི་མཐིང་སྨུག་སྦྲ་ཆུང་ཞོ་མར་ཐུད་ཀྱིས་སྣུམ་དྲི་འཐུལ། །

སྨད་ཕྱོགས་རོང་པའི་གཡང་ཁང་གྲུ་བཞིར་འབྲུ་རིགས་སྣ་ལྔའི་བཅུད་ཀྱིས་གཏམས། །

དུས་རབས་གསར་པའི་འགྲོས་དང་བསྟུན་ནས་དཔལ་འབྱོར་རིག་པ་གོང་དུ་འཕེལ། །

རྣམ་སྲས་ལྷ་ཡང་ཡིད་སྨོན་ཤོར་བའི་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང༌། །

 

སྟོད་ཕྱོགས་ཡར་ཀླུང་ཡུམ་བུའི་སྒང་ན་བཙན་པོ་ཐོག་མའི་ཕོ་བྲང་བརྗིད། །

སྨད་ཕྱོགས་རྨ་ཀླུང་གཡང་གི་ར་བར་རྣམ་གསུམ་རྟེན་གྱི་བྱིན་རླབས་འབར། །

དབུས་གཙང་དམར་པོ་རི་ཡི་རྩེ་མོར་པོ་ཏ་ལ་ཡི་གཟི་ཉམས་འཕྲོ། །

བཟོ་རིག་རྩལ་ལ་རིང་ནས་གོམས་པའི་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང༌། །

 

བརྗིད་ཆགས་མཐོན་པོ་རྒྱབ་རིའི་རྩེ་ན་ལྷ་བསང་དུད་སྤྲིན་དགུང་ལ་འཕྱུར། །

རིང་ནས་བསྟེན་པའི་སྐྱེས་ལྷ་གསོལ་ཞིང་ལྷ་རྒྱལ་ཀི་སྒྲ་བྲག་ལས་མཆེད། །

ནས་ཆང་བསིལ་མའི་བདུད་རྩི་མཆོད་བཞིན་གྲུ་བཞིའི་རླུང་རྟ་དགུང་དུ་གཏོར། །

སྨུག་སྤྲིན་དཀར་པོའི་དགེ་མཚན་འབར་བའི་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང༌། །

 

རྫ་མཐའི་ཤྭ་དང་རྒོ་བའི་ཚོགས་རྣམས་མཆོང་ལྡིང་གར་གྱིས་རྩལ་ཤུགས་འགྲན། །

རྒྱ་རྫོང་ནགས་ན་བྱ་དང་བྱེའུ་འཕུར་ལྡིང་གར་གྱི་རྩེད་འཇོར་རོལ། །

ཆོན་ཐག་བཞི་བརྐྱངས་སྦྲ་ནག་འདབས་ན་སྨན་ཤར་བུ་མོའི་བཞོ་དབྱངས་སྙན། །

ཅང་ཤེས་བང་ན་སྟག་ཤར་སྐྱིད་པའི་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང༌། །

 

ཡངས་ཤིང་སྙོམས་པའི་རྫ་ཐང་སྔོན་མོར་འབྲོང་གཡག་ཁྱུ་ཡི་ཧུར་སྒྲས་ཁེངས། །

བལ་ལྡན་གཡང་དཀར་ལུག་ཁྱུའི་རྗེས་ན་རྫི་གཞས་སྙན་མོ་སིང་སིང་གྲགས། །

ལོ་ཡག་གྲུ་བཞིའི་ཞིང་གི་མཐའ་ན་གཤིས་འཇམ་བུ་མོའི་འཛུམ་མདངས་རྒོད། །

ཉམས་འགྱུར་སྟོང་གི་སྒྱུ་རྩལ་འབུམ་ལྡན་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང༌། །

 

རིས་མེད་ཆོས་ཀྱི་དགོན་ཆེན་ཁག་ན་བསོད་ནམས་ཚོགས་ཀྱི་ཞིང་ས་ཡོད། །

རིག་འབྱུང་མ་ཡུམ་སློབ་རའི་ཚལ་ན་ལྔ་རིག་འདབ་བརྒྱ་ལྷུག་ལྷུག་རྒོད། །

དུས་རབས་གསར་པའི་ཚན་རིག་འཕྲུལ་གྱིས་སྔོན་ཐོན་རྒྱལ་ཁབ་རྗེས་སུ་སྙེགས། །

བཀྲ་ཤིས་རྟགས་མཚན་རྣམ་པར་བཀྲ་བའི་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང༌། །

 

 

ཤ་ཚ་སྙིང་རྗེའི་ཀུན་སློང་བདུད་རྩིས་མི་རྣམས་སེམས་རྒྱུད་རབ་ཏུ་བརླན། །

རྒན་རྣམས་གཞོན་པར་བྱམས་བརྩེ་ཆེ་ཞིང་ལྷག་བསམ་གངས་རིའི་མདངས་ལ་འཁུ། །

གཞོན་རྣམས་རྒན་པར་གུས་བཀུར་ལྡན་ཞིང་གཡོ་ཁྲམ་སྒྱུ་ཡི་རང་བཞིན་བརླགས། །

རྣམ་དཀར་དགེ་བཅུ་ངང་གིས་རྫོགས་པའི་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང༌། །

 

 

ཕ་དང་ཨ་ཁུའི་བརྩེ་སེམས་དྭངས་མའི་ཕྱི་རབས་མཛད་རྗེས་རྡོ་ལ་བརྐོས། །

མ་དང་སྲུ་མོའི་སྤྲོ་བའི་འཛུམ་གྱིས་རིགས་རྒྱུད་འཕེལ་ཁ་གོང་དུ་སྤེལ། །

སྤུན་དང་ཉེ་ཚན་སྐྱིད་སྡུག་མཉམ་འཛོམས་ཕན་ཚུན་བརྩེ་བའི་དུངས་པ་ཟབ། །

མཐུན་སྒྲིལ་གསེར་གྱི་རྡོག་རྩ་ཆིག་སྒྲིལ་སྨན་ལྗོངས་བསིལ་མོ་གངས་རིའི་ཞིང༌། །

 

 

དགུན་གསུམ་ཆུ་མོ་གཉིད་དུ་ཡུར་དུས་ཁ་བ་དཀར་པོའི་མེ་ཏོག་འཐོར། །

དབྱར་གསུམ་མེ་ཏོག་སྣ་བརྒྱའི་ཁྲོད་ལ་སྦྲང་ཆར་བསིལ་མས་ལྷ་ཁྲུས་གནང༌། །

དཔྱིད་གསུམ་དབུ་ལོ་གསར་དུ་དགྱེ་དུས་ཁུ་བྱུག་བུ་མོ་མགྲོན་དུ་བསུས། །

སྟོན་གསུམ་འབྲས་བུ་གཡུར་དུ་ཟ་དུས་ཐམས་ཅད་དགའ་སྤྲོའི་ཡོ་ལང་རྒྱས། །

 

མདོར་ན་སྨན་ལྗོངས་བསིལ་མོའི་དགེ་མཚན་ཚིག་གིས་བརྗོད་ཀྱིས་མི་ལང་མོད། །

ཆ་ཤས་ཙམ་ཞིག་དྲན་འཛིན་ངོས་སུ་གསལ་བར་འཆར་བའི་ཉེར་ལེན་གྱིས། །

ལྗོངས་འདིར་བརྩེ་བའི་ཀུན་སློང་ཟབ་པའི་ཁྲི་གཡུང་འཁྱམས་པོའི་ངག་སྒོ་ལས། །

ཡིད་འོང་ཉམས་འགྱུར་ཚིག་གི་སྦྱོར་བས་སྙན་ངག་ཙམ་གྱིས་འཕྲེང་འདི་སྤེལ། །

                  <<སྦྲང་ཆར>> ༢༠༠༧ ལོའི་དེབ་གཉིས་པའི་སྟེང་བཀོད། 

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།