ཟེར་སྒྲོས་སྣ་དགུ་མ།

བཤད་པ་རྣ་ལ་འཇམ་ཡང་ཁོག་གི་ཚེར་མ་རྣོ་དགོས་ཟེར། །

ཡར་བཤད་ལྷ་ལ་ཕོག་ན་ཆོ་འཕྲུལ་སྣ་དགུ་སྟོན་ཡོང་ཟེར། །

མར་བཤད་ཀླུ་ལ་ཕོག་ན་ནད་ཡམས་སྣ་ཚོགས་གཏང་ཡོང་ཟེར། །

གཉིས་མཐུན་ཞི་བདེའི་ལམ་ཞིག་འཇིག་རྟེན་ཁམས་ན་མེད་དོ་ཟེར། །

གྱ་གྱུ་ལམ་ཁ་མང་བས་མགྲོན་ང་ལམ་ནོར་ཐེབས་པ་འདྲ། །

 

ལྟ་བ་ཁ་ལ་ཁྱེར་ནས་འཛམ་གླིང་དབང་དུ་བསྡུ་དགོས་ཟེར། །

རྟོགས་པ་གླུ་རུ་དྲངས་ནས་འཁོར་ཚོགས་འབུམ་ཕྲག་འགུག་དགོས་ཟེར། །

སྤྱོད་པ་མི་ལ་སྟོན་ནས་རྣམ་འགྱུར་ཟོལ་པོ་འཁྲབ་དགོས་ཟེར། །

སྒོམ་པ་སེམས་ལ་བཞག་ནས་ཐོབ་དང་གོ་ས་ལེན་དགོས་ཟེར། །

གྱ་གྱུ་ལམ་ཁ་མང་བས་མགྲོན་ང་ལམ་ནོར་ཐེབས་པ་འདྲ། །

 

ལོ་རྒྱུས་ལོ་འབུམ་ཡོད་ཀྱང་བདེན་པའི་དོན་ལ་འཁྱོག་དགོས་ཟེར། །

ཕ་མེས་གོང་མའི་དུར་ས་རྨི་ལམ་ཞིང་དུ་བརྫང་དགོས་ཟེར། །

འཇིེག་རྟེན་ཆོས་བརྒྱད་འདི་ཉིད་སྲོག་བཞིན་གཅེས་པར་བཟུང་དགོས་ཟེར། །

ཆོས་དང་འཇིག་རྟེན་གཉིས་ནས་ང་ནི་ཀུན་ལས་རྒྱལ་དགོས་ཟེར། །

གྱ་གྱུ་ལམ་ཁ་མང་བས་མགྲོན་ང་ལམ་ནོར་ཐེབས་པ་འདྲ། །

 

འགོ་མཇུག་མི་དགོས་ལོ་རྒྱུས་དུམ་བུ་བླ་བཞིན་བཀུར་དགོས་ཟེར། །

བོད་ཡུལ་མུན་པའི་ཞལ་ཁེབས་དེ་རིང་གསར་དུ་ཕྱེས་སོང་ཟེར། །

ཕ་ཆོས་རེ་འགར་མི་ཤེས་ལམ་ནས་བསྐུར་འདེབས་བྱེད་དགོས་ཟེར། །

རང་ཕྱོགས་རྒྱལ་འདོད་ང་རྒྱལ་འདི་ཉིད་ཀུན་ལས་ལྷག་དགོས་ཟེར། །

གྱ་གྱུ་ལམ་ཁ་མང་བས་མགྲོན་ང་ལམ་ནོར་ཐེབས་པ་འདྲ། །

 

སྐྱིད་སྡུག་མང་པོ་ཁ་ནས་ལུད་ན་བདེན་གཏམ་དེ་རེད་ཟེར། །

ཡིབ་པའི་ལོ་རྒྱུས་གསོན་པོར་ཞིབ་འཇུག་ལམ་ནས་སྒུག་དགོས་ཟེར། །

ཇི་ལྟར་གསལ་ཡང་མ་ཤེས་མ་མཐོང་ལམ་ལ་བཞག་དགོས་ཟེར། །

རྒྱུ་འབྲས་བདེན་པ་ཐབས་དང་ཞོར་གྱིས་རིམ་བཞིན་བསྣོག་དགོས་ཟེར། །

གྱ་གྱུ་ལམ་ཁ་མང་བས་མགྲོན་ང་ལམ་ནོར་ཐེབས་པ་འདྲ། །

 

ཆོས་དང་འཇིག་རྟེན་གཉིས་ཀ་ཇ་དང་སྤགས་བཞིན་བརྫི་དགོས་ཟེར། །

བྱམས་དང་སྙིང་རྗེ་དེ་ཚོས་དངོས་པོའི་དོན་བྱེད་མི་ནུས་ཟེར། །

ཕུ་ནུ་མིང་སྲིང་དེ་ཚོ་འགྲན་རྩོད་ལམ་ལ་བཞག་དགོས་ཟེར། །

ཚེ་འདིའི་བདེ་སྐྱིད་ལོངས་སྤྱོད་མི་ཡི་སྟེང་ནས་ལེན་དགོས་ཟེར། །

གྱ་གྱུ་ལམ་ཁ་མང་བས་མགྲོན་ང་ལམ་ནོར་ཐེབས་པ་འདྲ། །

 

གཡུ་དང་བྱུ་རུའི་ལུས་རྒྱན་མི་དགོས་རང་ལུས་ཤམ་ཤམ་འགྲོ་དགོས་ཟེར། །

ལུས་སེམས་དཀའ་སྤྱད་མི་དགོས་རྐུབ་སྟེགས་རགས་ན་དེས་འགྲིགས་ཟེར། །

ཞིང་འབྲོག་ཐོན་བསྐྱེད་འདི་ཚོ་གཡོག་པོ་གཡོག་མོའི་ལས་རེད་ཟེར། །

ཁ་བཤད་ལག་འབྲི་ཤེས་ན་ཟས་གོས་དམངས་ནས་བསྡུ་དགོས་ཟེར། །

གྱ་གྱུ་ལམ་ཁ་མང་བས་མགྲོན་ང་ལམ་ནོར་ཐེབས་པ་འདྲ། །

 

འཆི་བ་མི་རྟག་བཤད་པའི་ཆོས་ཀྱིས་ཡར་རྒྱས་བསྣུབས་སོང་ཟེར། །

དད་མདུན་ཕྱག་སྐོར་འདི་ཡིས་མི་རྣམས་བླུན་པོ་བཟོས་སོང་ཟེར། །

བསང་དང་དར་ལྕོག་དེ་ཚོས་རི་ལུང་འཁོར་ཡུག་བཙོག་སོང་ཟེར། །

རྡོ་འབུམ་མཆོད་རྟེན་དེ་ཚོས་ལམ་ཁ་ཚང་མ་དགག་སོང་ཟེར། །

གྱ་གྱུ་ལམ་ཁ་མང་བས་མགྲོན་ང་ལམ་ནོར་ཐེབས་པ་འདྲ། །

 

མོ་རྩིས་གཏོ་དཔྱད་དེ་ཚོ་རྙིང་ཞེན་ཆེ་བས་བཞག་དགོས་ཟེར། །

དེང་རབས་གསར་པའི་ལམ་ནས་ཁྲ་ཁྲ་ཟིང་ཟིང་ལེན་དགོས་ཟེར། །

ལུགས་སྲོལ་རིག་གཞུང་ཟེར་བ་དེང་སོང་དུས་ལ་མི་མཁོ་ཟེར། །

མི་སེམས་སྒུལ་བའི་ལམ་ཁ་ཚོང་གི་སྟེང་ནས་ལེན་དགོས་ཟེར། །

གྱ་གྱུ་ལམ་ཁ་མང་བས་མགྲོན་ང་ལམ་ནོར་ཐེབས་པ་འདྲ། །

 

འཕྲུལ་ཆས་སྣ་དགུ་སྤྱོད་ནས་འཇིག་རྟེན་འཁོར་ལོ་བསྐོར་དགོས་ཟེར། །

ཕུ་ཆུ་ལུང་དུ་འདྲེན་ནས་དེང་རབས་གསར་པར་བསྐྱོད་དགོས་ཟེར། །

གསེར་དངུལ་ཟངས་ལྕགས་འདོན་ནས་སྣ་མང་བཟོ་གྲྭ་འཛུགས་དགོས་ཟེར། །

ཡར་རྒྱས་འགྲན་རྩོད་ངོ་མ་འཛམ་བུའི་གླིང་འདིར་ངོམས་དགོས་ཟེར། །

གྱ་གྱུ་ལམ་ཁ་མང་བས་མགྲོན་ང་ལམ་ནོར་ཐེབས་པ་འདྲ། །

 

ཡ་རབ་གཞུང་དྲང་བསྲུང་བ་ཀླད་རྙིང་ཡིན་པས་བསྐྱུར་དགོས་ཟེར། །

མགོ་བདེ་དྲན་འཕྲུལ་རྒོད་ན་སྐྱེས་པ་ཕོ་རབ་དེ་རེད་ཟེར། །

ར་མ་ལུག་སྐད་རྒྱབ་ན་དཔེ་ལྟོས་བྱེད་ས་དེ་ཡིན་ཟེར། །

ཐབས་ཆགས་བཅུ་གསུམ་ཤེས་ན་མཁས་པ་ཆེན་པོ་དེ་ལགས་ཟེར། །

གྱ་གྱུ་ལམ་ཁ་མང་བས་མགྲོན་ང་ལམ་ནོར་ཐེབས་པ་འདྲ། །

 

མ་མཐོང་མ་ཤེས་པ་རྣམས་མེད་པའི་གྲལ་དུ་འཇོག་དགོས་ཟེར། །

ལྷ་དང་འདྲེ་ཞེས་བཤད་ཀྱང་ཚན་མ་རིག་པས་མི་རྙེད་ཟེར། །

ཡང་ཅིག་ན་འཆི་དུར་གསུམ་བླ་མ་དག་ལ་ལྟོས་དགོས་ཟེར། །

གྱ་གྱུ་ལམ་ཁ་མང་བས་མགྲོན་ང་ལམ་ནོར་ཐེབས་པ་འདྲ། །

བཤད་པ་སྣ་དགུའི་རྒྱུ་སྟོང་ཕུ་ཡིས་འདེད་པ་ཀྱེ་མ་ཧུད། །

 

སྨྲས་པ།

རྒྱལ་བའི་བཀའ་དང་འཕགས་པའི་ལུང་དོར་ཏེ། །

རྟེན་འབྲེལ་ལས་འབྲས་སྟོང་ཉིད་ཟབ་དོན་རྣམས། །

ཇི་ལྟར་གསལ་ཡང་ལྟ་བའི་མིག་ལོང་ན། །

ཁྱོད་ཀྱི་བགོ་སྐལ་འཇིག་རྟེན་འདི་བདེ་ཙམ། །

 

བཀའ་ལ་ར་ཆོད་ལུང་ལ་ཁྱུད་མིད་ཀྱིས། །

དོན་ལ་མི་ལྟོས་ཐོར་བུའི་ཡིག་རུལ་རྣམས། །

ཁ་གཡབ་བཤད་པས་ཁུངས་ཐུབ་ཚད་ལེན་ན། །

ཡས་གླུད་རྫས་སོགས་བསོད་དམན་ལོངས་སྤྱོད་རྣམས། །

ཕུགས་ཀྱི་ཚད་མའི་ནོར་དུ་ཁྱོས་ཐོབ་ཤོག །

ཅེས་གྲོགས་པོ་ཞིག་གི་དཔྱད་རྩོམ་མགོ་གཉིས་མ་ཞིག་ལ་བལྟས་ནས་དོན་མེད་དུ་འདི་ལྟར་ཤོར་སོང་། །
 

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།