ཞང་བོད་ཀྱི་གཟི་དཔལ་གཡུ་རལ་ངོམ་པའི་གངས་སེང་།
གནས་འདིའི་སྣོད་བཅུད་ཕུན་སུམ་ཚོགས་པ་ཡིས། །འཁྲུངས་པའི་མི་ཡང་སངས་རྒྱས་བྱང་སེམསཏེ། ། རྨད་བྱུང་ཐུགས་བསྐྱེད་དཔག་བསམ་ལྗོན་བཟང་ལ། །རླབས་ཆེན་ཚོགས་གཉིས་དྲོད་གཤེར་གྱིས་གསོས་པས། ། གང་གི་གདུང་སོབ་མུ་ཆོ་ལྡེམ་དྲུག་ཀྱང་། ། ཁམས་གསུམ་སྐྱེ་དགུའི་གཉེན་དུ་རབ་འཁྲུངས་ཏེ། ། ཞང་བོད་ཕྲོམ་དང་སྟག་གཟིག་དཀར་ནག་རྒྱར།།རྒྱལ་བསྟན་ཉི་གཞོན་ལེགས་པར་འདྲེན་མཁས་པ། ། རྒྱལ་ཀུན་ཡབ་ཡུམ་མགྲིན་པའི་འོ་མཚོ་རུ། །མངོན་པར་བསུས་ཏེ་ཚིག་རྒྱན་རིག་པའི་གཞུང་། ། མཁྱེན་པའི་རྩལ་གྱིས་ཤེས་བྱའི་མཐའ་ཡང་ཟད། །ནུས་པའི་སྟོབས་ཀྱིས་འཁོར་བ་དོང་ནས་སྤྲུགས། ། ཐོགས་མེད་རྫུ་འཕྲུལ་ཤུགས་དང་མཁྱེན་བརྩེའི་གཟིས། །གཤེན་བསྟན་རིན་ཆེན་བང་མཛོད་བདག་གིར་བ། ། ཚེ་ལ་མངའ་བརྙེས་རིག་འཛིན་ཀུན་གྱི་གཙོ། །མི་འཇིགས་བཞི་དང་སྟོབས་བཅུའི་ཡོན་ཏན་གསལ། ། ལམ་དང་འབྲས་བུའི་བོན་རྣམས་མ་ལུས་པ། །སེམས་ཀྱི་གནས་ལུགས་གཅིག་ཏུ་རྫོགས་པའི་སྲོལ། ། སྲིད་འདིར་དཀོན་ཞིང་བླ་ན་རབ་མཐོ་བའི། །རིགས་རུས་ཕུན་ཚོགས་དམུ་གཤེན་ནོར་བུའི་ཕྲེང་། ། རྒྱལ་བ་གཤེན་གྱི་རིང་ལུགས་རྨ་མེད་པ། །ཡང་དག་སྤེལ་བར་སྙིང་སྟོབས་གོ་ཆ་ཅན། ། བརྗོད་བྱ་བསླབ་གསུམ་རྗོད་བྱེད་སྡེ་གསུམ་གྱིས། །འགྲོ་རྣམས་སྨིན་གྲོལ་ལམ་ལ་མྱུར་འགོད་པའི། ། མཁས་བཙུན་བཟང་བོའི་ཡོན་ཏན་ཆ་རེར་ཡང་། །རྒྱལ་བ་སྟོང་གི་མཛེས་སྡུག་རྫོགས་པའི་ཕྱིར། ། ཀློག་པ་ཐོས་བསམ་སྤོང་བ་བསམ་གཏན་སྲོལ། །ཟུང་དུ་འཇུག་པའི་ཆུ་ཐུབ་རིགས་སྨྲའི་སྡེ། ། སྙིགས་མའི་དུས་སུ་རྒྱལ་གཤེན་བསྟན་པའི་ཁུར། །འཛིན་སྐྱོང་སྤེལ་ལ་འགྲན་པའི་ཟླ་བྲལ་བས། ། མདོ་སྔགས་སེམས་གསུམ་བཤད་སྒྲུབ་ཟུང་འཇུག་གིས། །བསྟན་པའི་རྒྱལ་མཚན་སྲིད་གསུམ་རྩེར་བཀོད་པས། ། འཆད་པ་སྐལ་བཟང་རྣ་བའི་བདུད་རྩིའི་གསོས། །རྩོད་པ་དྲེགས་ལྡན་མགོ་བོ་གཅོད་པའི་མཚོན། ། དེང་གི་དུས་འདིར་གཡས་རུ་གཉིས་པ་ལྟར། །བསྔགས་པ་དོན་ལྡན་སྣང་དགོན་འདུས་སྡེ་ཆེ། ། དེ་ལྟར་ཞང་བོད་ས་སྒང་འདི་ཉིད་ནས། །དངོས་སུ་འཁྲུངས་ཤིང་བོད་སྐད་བོད་ཡིག་གིས། ། ཚུལ་འདིར་འབྲལ་མེད་གཏམ་དང་འུད་བརྗོད་ཀྱིས། །སྦགས་མིན་དོན་གཏམ་དྲང་སྲོང་དགྱེས་བྱེད་དེ། ། |

