
༄༅། །ཨཱོྃ་ཨ་ཅི་པར་རདྣ་མུ་ལ་ཤྭ་ས་སརྦ་སི་ཏི་ཧཱུཾ། །
སྐྱེ་མེད་ནམ་མཁའ་ཡངས་པའི་དཀྱིལ་འཁོར་དུ། །
འགག་མེད་འོད་སྟོང་བཀྱེ་བའི་ཉི་མ་བཞིན། །
འཆི་མེད་བསྟན་པའི་རྒྱལ་མཚན་འཛིན་པའི་མཆོག །
བསླུ་མེད་དྲིན་ཆེན་བླ་མར་སྙིང་ནས་འདུད། །
ཐུགས་རྗེ་བརྩེ་བ་ཆེན་པོས་རྗེས་བཟུང་སྟེ། །
གང་བརྩམས་ཐོགས་མེད་འགྲུབ་པར་བྱིན་གྱིས་རློབས། །
༧ དེ་ཡང་སྔོན་ཚེ་ཐོག་མའི་དུས་ཤིག་ན། །
རྒྱལ་བའི་ཐབས་ཐུགས་མ་འགག་རྫུ་འཕྲུལ་གར། །
འཛམ་གླིང་བསྐོས་ལྷ་ཁྲི་ཤེས་དཀར་པོ་ཡི། །
ཐུགས་སྤྲུལ་རིན་ཆེན་སྒོ་ང་ལས་འཁྲུངས་པའི། །
གདུང་རྒྱུད་འཛིན་པའི་རྒྱལ་བོ་ཆེ་དྲུག་བྱོན། །
མཁའ་འགྱིང་བྱིན་རླབས་ཐ་ཆུང་གཉན་གྱི་རིགས། །
ཞང་བོད་གྲུབ་རིགས་བརྒྱུད་དང་བསྡེབས་པ་ལས། །
མུ་ཁྱུང་རྒྱན་དང་སད་ནེའུ་གའུ་སོགས། །
རྫུ་འཕྲུལ་གྲུབ་བརྙེས་རིག་འཛིན་གྲངས་འདས་བྱོན། །
ཞང་བོད་བོན་སྲིད་བསྟན་པ་དར་རྒྱས་སྤེལ། །
མདོ་ཁམས་སྨད་དུ་ཞིག་ཆེན་བཅོ་བརྒྱད་གྲས། །
འཁྲུལ་སྣང་དབྱིངས་ཞིག་བློ་གྲོས་རྒྱལ་མཚན་འཁྲུངས། །
ཡོན་ཏན་རྒྱལ་མཚན་དོ་འཕགས་ཆེན་པོ་དང་། །
བྱ་ཆེན་ཉི་མ་འཛིན་མཛད་ལ་སོགས་པའི། །
སླད་མེད་གྲུབ་པའི་གདུང་རབས་བཅོ་བརྒྱད་བྱོན། །
དེ་ཡི་བརྒྱུད་པ་ཀུན་དགའ་ཕུན་ཚོགས་ལགས། །
དེ་ནས་རབ་བྱུང་བཅུ་དྲུག་ཆུ་སྤྲེལ་ལོ། །
ཡབ་ནི་རིགས་རུས་ཕུན་ཚོགས་བླ་མ་སྐྱབས། །
ཡུམ་ནི་མཚན་ལྡན་བློན་ཟ་འབྲུག་གསས་མཚོར། །
ཟླ་ཚེས་བཟང་པོའི་ནམ་ལངས་ཉི་ཤར་དུས། །
བོན་བློན་གྲུབ་དབང་ནམ་མཁའ་བསྟན་འཛིན་འཁྲུངས། །
དྲན་པའི་ཐུགས་སྤྲུལ་སྐྱེས་མཆོག་ཁྱད་པར་ཅན། །
ཡ་མཚན་སྐུ་མཆོག་དཀར་དམར་གཟི་མདངས་འབར། །
ཞི་འཛུམ་ཤུགས་ལ་རང་བྱུང་ཁྲོ་ཉམས་ཅན། །
སྐུ་སྟོད་ཁྱུང་གཤོག་སྐུ་སྨད་སྟག་ཤམ་དང་། །
སྐེད་པར་འཕྲུལ་ཡིག་བཞི་བཅུའི་རྟགས་མཚན་ལྡན། །
དག་སྣང་ཅན་གྱིས་སྤྱན་གསུམ་དངོས་སུ་མཐོང་། །
དད་པ་ཅན་ལ་མཐོང་སྣང་སྣ་ཚོགས་འཆར། །
རྟག་ཏུ་འོད་ཟེར་ཕུང་པོའི་དབུས་སུ་བཞུགས། །
གང་དང་མི་འདྲ་ཀུན་ལས་ཁྱད་པར་འཕགས། །
གང་ཞིག་མཇལ་བས་དད་པ་དབང་མེད་འགུགས། །
གང་འབྲེལ་བར་ཆད་རྐྱེན་དང་ནད་གདོན་གྲོལ། །
གང་གིས་ཟླ་བྲལ་ཡིད་བཞིན་དབང་གི་རྒྱལ། །
ཆུང་ངུའི་དུས་ནས་གཞན་ལས་ཁྱད་འཕགས་པས། །
སློབ་དཔོན་ཉི་མའི་དྲུང་ནས་ཀློག་བསླབ་ཚེ། །
གཟབ་བཤར་ཡིག་རིས་ཐིག་རྩ་སྨན་རྩིས་སོགས། །
རིག་པའི་གནས་ཀུན་མ་བསླབ་རང་བརྡོལ་མཁྱེན། །
མདོ་སྔགས་ཐ་སྙད་རིག་པའི་བཅུད་མྱངས་ཏེ། །
ཐོས་བསམ་བསྒོམ་པའི་རིག་རྩལ་རབ་རྫོགས་ནས། །
བཤད་སྒྲུབ་བྱ་བ་ལས་ཀྱི་འཁོར་ལོ་ཡིས། །
ས་གསུམ་གདུང་བའི་མུན་སེལ་ཨ་མྲི་ཏ། །
ན་མཉམ་ཁྲོད་དུ་རྩེད་མོའི་ཚུལ་མཛད་ཚེ། །
བཀྲ་ཤིས་ནས་འབྲུ་ཀ་བའི་གཏིང་དུ་ཟུགས། །
བྱིས་པའི་ཚོགས་ལ་དགྱེས་པའི་དགའ་སྟོན་འགྱེད། །
ལྷན་སྐྱེས་རྫུ་འཕྲུལ་མངའ་བའི་གྲུབ་རྟགས་བསྟན། །
བསྙེན་སྒྲུབ་དུས་སུ་གྲུབ་རྟགས་ངོ་མཚར་ཆེ། །
དཀྱིལ་འཁོར་འོད་འཕྲོས་དྲི་བཟང་བུམ་ཆུ་ཁོལ། །
ཡི་དམ་ལྷ་ཚོགས་ཞལ་གཟིགས་ཡང་ཡང་མཇལ། །
བྲག་བཙན་དམར་པོའི་གྲོགས་མཛད་དམ་བཅའ་ཕུལ། །
བཅུ་དྲུག་བཞེས་དུས་དབུས་གཙང་ལྷ་ལྡན་བསྐོར། །
སེ་འབྲས་དགའ་གསུམ་གྲུབ་མཐའ་རིས་མེད་མཇལ། །
ཁྱད་པར་བོན་ལུགས་རྟེན་གསུམ་མཐའ་དག་ལ། །
མི་ཕྱེད་དད་པས་མཆོད་ཕྱག་བསྐོར་གསུམ་མཛད། །
སྔོན་མཁྱེན་ནུས་པས་སྐྱི་འདངས་གནོད་པ་བཟློགས། །
རྫུ་འཕྲུལ་རྩལ་གྱིས་ཆོམ་རྐུན་ལམ་དགྲ་བསྒྲལ། །
དེ་ནས་མཁས་གྲུབ་བཤེས་གཉེན་བསྟེན་ཚུལ་ནི། །
ཡོན་ཏན་རྒྱ་མཚོ་ངག་འཕྲིན་ངེས་དོན་དང་། །
ཉག་ཝ་དགེ་ལེགས་བྱ་འཕུར་ཚུལ་ཁྲིམས་དང་། །
རྒྱལ་ཚབ་དམ་པ་ཚངས་དབྱངས་རིན་པོ་ཆེ། །
གསང་སྔགས་གླིང་པ་འཆི་མེད་རིག་འཛིན་དང་། །
ཀུན་གྲོལ་ཧཱུྃ་ཆེན་འགྲོ་འདུལ་གླིང་པ་དང་། །
སུ་ལ་བསྐལ་བཟང་བསྟན་པའི་རྒྱལ་མཚན་སོགས། །
མཉེས་པ་གསུམ་གྱིས་གཙུག་གི་རྒྱན་དུ་བསྟེན། །
ཕྱི་ནང་གསང་བ་མདོ་སྔགས་སེམས་གསུམ་གྱི། །
དབང་ལུང་མན་ངག་བུམ་པ་གང་བྱོར་ཐོབ། །
གཞན་སྡེའི་གྲུབ་ཆེན་རྡོ་རྗེ་དགྲ་འདུལ་དང་། །
རྡོ་གྲུབ་ཐུབ་པ་ཀ་ཐོག་ཕྱག་ཚཱ་སོགས། །
མཁས་ཤིང་གྲུབ་པའི་སྐྱེས་ཆེན་དུ་མ་བསྟེན། །
རིས་མེད་བསྟན་པ་ཡོངས་ཀྱི་བདག་པོར་བཞེངས། །
ཁྱད་པར་ངེས་དོན་མཐོང་བ་རང་གྲོལ་དང་། །
ཡོངས་འཛིན་དམ་པ་ཡོན་ཏན་རྒྱ་མཚོ་དང་། །
རིག་རྩལ་གླིང་པ་རྣམས་ཀྱི་བརྡ་ལུང་ལས། །
བསྟན་འགྲོའི་དོན་ཆེན་འགྲུབ་པའི་གསང་ལུང་བསྟན། །
མཛད་འཕྲིན་མཐའ་རུ་ཕྱིན་པའི་ཞལ་གཡང་མཛད། །
ཉེར་གཅིག་རྩ་རླུང་གཏུམ་མོའི་ཉམས་ལེན་གནང་། །
འོད་གསལ་ཐོད་རྒལ་སྣང་བཞིའི་གྲུབ་རྩལ་རྫོགས། །
མངོན་སྤྱོད་འཕྲིན་ལས་ཐོགས་མེད་ལེགས་སྒྲུབ་པས། །
བཀའ་ཡི་སྲུང་མ་དམ་ལ་བསྡུས་པ་དང་། །
ལྷ་སྲིན་བྲན་བཀོལ་གཟའ་བཙན་ཕོ་ཉ་འགྱེད། །
རྫ་ཉག་ཡུལ་ཕེབས་སེར་བ་མཛུབ་ཁྲིད་གནང་། །
ཆོམ་པོར་རྟགས་བསྟན་མ་དད་སྤ་བཀོང་གྱུར། །
ཤར་རྫའི་ཞིང་སོགས་འཇའ་ལུས་ཡབ་སྲས་ཀྱི། །
བསྒྲུབས་པའི་གནས་ཆེན་ཀུན་ལ་ཕྱག་བསྐོར་ཕུལ། །
བསྟན་དང་འགྲོ་ལ་ཕན་བདེ་རླབས་ཆེན་བསྒྲུབས། །
སེམས་ཅན་སྤྱི་མཐུན་ལས་ཀྱི་བཅོས་བསྒྱུར་སྐབས། །
གནོད་བརྒྱས་མ་ཚུགས་སྲ་བརྟན་འགྱུར་མེད་སྐུ། །
དམ་པའི་རང་རྟགས་ནམ་ཡང་གཡོ་མེད་གནས། །
རིན་ཆེན་དང་པོ་བཙོ་མ་གསེར་མདོག་བཞིན། །
ཁྲི་མོན་ནང་དུ་སྤྲུལ་བསྒྱུར་ཐོགས་མེད་མཛད། །
སྲ་མཁྲེགས་རྩིགས་པ་རྡོ་ལྕགས་ཐ་རམ་གྱིས། །
མ་ཁོག་ཕྱི་ནང་ཁྱད་མེད་རང་དགར་བྱོན། །
གཟའ་བཙན་དངོས་སུ་ཕེབས་ནས་གསང་ལམ་བསྟན། །
བཙོན་ལས་བྱོལ་ཏེ་གར་བདེར་རང་དགར་ཕེབས། །
མི་དད་ལོག་པར་ལྟ་བའི་སྡིག་ཏོ་ཅན། །
མཐུ་སྟོབས་ནུས་པས་འགལ་བྱེད་དབང་དུ་བསྡུས། །
འགལ་རྐྱེན་གྲོགས་སུ་བསྒྱུར་ནས་འཕྲིན་ལས་བསྒྲུབས། །
སྲིད་གསུམ་མཛོད་དགུའི་གཏེར་གྱིས་འགྲན་བྲལ་བའི། །
སྟོན་པ་ཆུ་ཁོལ་ཁམས་བརྒྱད་བྱ་བྲིས་མ། །
འཁར་རྔ་དགུ་འཕར་དུང་དཀར་སེན་རྗེན་མ། །
གཤེན་ལྷ་འོད་དཀར་དོ་འཕགས་སྐུ་གདུང་གཙོས། །
རྟེན་གསུམ་གྲངས་མེད་གོང་མའི་བཀའ་ཡིག་སོགས། །
རྩ་ཆེན་རིག་དངོས་མང་པོ་སྲུང་སྐྱོབ་གནང་། །
ཕྱི་རབས་འགྲོ་ལ་དད་པའི་རྟེན་དུ་བཞག །
བཀའ་དྲིན་འདི་ཙམ་སྟོང་གསུམ་གསེར་ཕྱེ་ཡིས། །
བཀང་ནས་ཕུལ་ཀྱང་གཞལ་ནུས་ཆ་ཤས་ཙམ། །
གཞན་ཡང་མདོ་སྨད་ཡུལ་དབུས་ཐམས་ཅད་ནས། །
མི་བསྲིན་རྒྱལ་འདྲེ་ཕོ་མོ་དམ་ལ་བཏགས། །
སྨྱོ་འབོགས་བརྒྱལ་བའི་ནད་པ་བརྒྱ་ཕྲག་བསྐྱབས། །
དྲགས་སྔགས་གྲུབ་ཐོབ་ཆེན་པོའི་མཚན་སྙན་རྒྱས། །
ཐེ་ཡུལ་ཤི་འདྲེས་མངོན་སུམ་གཙེས་པའི་ཚེ། །
ཟིལ་གནོན་དགོངས་པའི་དབལ་གྱི་ནན་འོག་བཅུག །
ཕས་རྒོལ་དུན་ཙེ་བསྟན་པའི་དགྲར་ལངས་པ། །
ཀླད་ཁྲག་གཏོར་ནས་བྱད་མའི་རྩོད་འཁྲུག་བཟློག། །
ཨག་ཏ་རོང་ནས་བསྟན་དོན་མཛད་པའི་དུས། །
|