གྲྭ་རྐྱང་ཞིག་གི་ཉིན་ཐོ།

རྩོམ་པ་པོ།   ཁྲི་བློ་རྩེ།

དེ་རིང་ནི། ང་ཚོའི་མཚོ་སྔོན་ཕྱོགས་ནས་རྒྱ་རྩིས་ལྟར་ལུགས་རྙིང་གི་ཟླ་གསུམ་པའི་ཚེས་གསུམ་ཡིན་ལ། ང་ད་ནངས་སྔ་མོ་གཉིད་ལས་སད་དུས་ཆུ་ཚོད་དྲུག་དང་སྐར་མ་ལྔ་བཅུ་ལ་ཐོན་འདུག དེ་དུས་གྲྭ་ཆུང་གཉིས་སྔ་མོ་ནས་ལངས་ཏེ་སྐྱོར་སྦྱང་ལ་འགྲོ་བཞིན་འདུག ང་རང་ཡང་ཡར་ལངས་ནས་གོན་པ་སོགས་གོན། སྒོ་ལ་སོང་བ་ན་ཁ་བ་སྲབ་མོ་ཞིག་གིས་རང་དགོན་བོན་བརྒྱ་སྨན་རིའི་གླིང་འདི་ཡོངས་སུ་བཀླུབས་འདུག ངས་ཨོང་བ་འགའ་འཁྱེར་ཡོང་ནས་ལྕགས་ཐབ་ནང་གི་རྡོ་སོལ་གྱི་མེ་སྟེང་དུ་བླུགས་ཏེ་ཁ་ལག་བཀྲུས། མཆོད་ཁང་ནང་དུ་སོང་ནས་མཆོད་མེ་གཅིག་དང་སྤོས་རྐང་གཅིག་སྒྲོན་ཞིང་ཕྱག་གསུམ་འཚལ། སྔ་སྲོལ་ལྟར་ཚ་བསུར་བསྔོས་ནས་ཞལ་འདོན་བསྡུས་པ་ཞིག་འདོན་ཞོར་དུ་ཇ་བསྐོལ་བ་ཡིན། ཆུ་ཚོད་བརྒྱད་དང་སྐར་མ་བཅུ་ཡས་མས་ཤིག་ཏུ་གྲྭ་ཆུང་གཉིས་སླེབས་ནས་ངེད་ཚོས་ནངས་ཇ་འཐུང་བའི་འགོ་བརྩམས། ལྷུན་གྲུབ་དཔལ་བཟང ༼ཕ་ཡུལ་ཁྲི་ཀ   ད་ལོ་ལོ་བཅུ་བཞི་ཡིན༽ གིས་སྟོན་པ་བླ་མེད་ཅེས་པའི་ཇ་མཆོད་ཀྱི་དབུ་བཟུང་ནས་ངེད་གསུམ་པའི་ཇ་མཆོད་བཏོན་ཞིང་ཇ་འཐུང་བ་ཡིན། ཁོ་གཉིས་ཀྱིས་རྩམ་པའི་སྐྱོ་མ་རེ་ལྡག་ཅིང་གོ་རེ་ཟ་བར་འདུག་ལ་ངས་ཇ་དང་གོ་རེ་གཉིས་ལོངས་སྤྱོད་བྱས་པ་ཡིན། ཇ་འཐུང་ཚར་རྗེས་བསྟན་འཛིན་ལྷུན་གྲུབ ༼ ཕ་ཡུལ་རྩེ་ཁོག   ད་ལོ་ལོ་བཅོ་ལྔ་ཡིན  ༽  ཀྱིས་ཅ་ལག་སོགས་ལ་བདག་གཉེར་བྱས།
ཆུ་ཚོད་དགུ་བའི་སྟེང་ནམ་རྒྱུན་ལྟར་གྲྭ་ཆུང་གཉིས་སྐྱོར་སྦྱང་ལ་འགྲོ་བ་དང་ངས་རང་གི་འགན་འཁྲི་ལྟར་དཔེ་ཁྲིད་ཀྱི་འགོ་བརྩམས། ཆུ་ཚོད་དགུ་ནས་བཅུ་བའི་བར་བསྡུས་གྲྭའི་འཛིན་གྲྭ་གོང་མ་ལ་དཔེ་ཁྲིད་བྱེད་ཁུལ་བྱས་པ་ཡིན། ད་ལྟ་འཛིན་གྲྭ་འདི་ལ་གྲྭ་བ་མང་པོ་མེད་ལ་འདི་ཚོའི་གྲོགས་པོ་ཁ་ཤས་ཤིག་ད་ལོ་རང་རང་གི་འདོད་མོས་ལྟར་རང་དགོན་གྱི་ལོ་གསུམ་སྒྲུབ་གྲྭ་ལ་བཞུགས་ཡོད།

ད་སྐབས་ཀྱི་དུས་འདི་ལ་གྲྭ་བ་མང་པོ་མེད་པའི་དགོན་པ་ཞིག་ལ་མཚོན་ན་ཚད་མ་རིག་པའི་རྩོད་གྲྭ་འཛུགས་རྒྱུ་ནི་ཆེས་ཧ་ཅང་གི་དཀའ་བར་གནས་པ་དགོན་པ་ཚང་མས་སེམས་བཞིན་ཡོད། དོན་ངོ་མ་བཤད་ན་གྲྭ་བ་མང་པོ་ཡོད་ནས་རྩོད་གྲྭ་བཙུགས་ན་རིགས་ལམ་དང་གོ་བ་སོགས་གོང་དུ་འཕེལ་བའི་དགོས་པ་ཡོད་པ་བདེན་ཡང་། གྲྭ་བ་ཉུང་ན་ཡང་ཚད་མ་རིག་པའི་རིགས་ལམ་མ་སྦྱངས་ན་ག་ལ་ཆོག  གཞུང་ལམ་རིམ་དང་། ས་ལམ། ཐེག་རིམ། ཕར་ཕྱིན། དབུ་མ། མཛོད། འདུལ་བ། གསང་སྔགས། རྫོགས་ཆེན་སོགས་ཤེས་དགོས་ན་ངེས་པར་དུ་བློ་རྟགས་བསྡུས་གསུམ་གྱི་རིགས་ལམ་ཡང་དག་ཅིག་མ་ཤེས་ན་གཞུང་ཆེན་མོ་སོགས་ཀྱི་དགོངས་པའི་དོགས་གནད་ཇི་ལྟར་སེལ། གྲྭ་བ་ཁ་ཤས་ཤིག་གིས་ང་རང་གིས་བློ་རྟགས་བསྡུས་གསུམ་མ་ཤེས་རུང་སྐྱོན་མེད་ལ། གཙོ་བོ་གཞུང་ལམ་རིམ་དང་། སྔགས་རྫོགས་སོགས་ཤེས་ན་ཆོག་པར་བརྗོད་བཞིན་ཡོད། དེ་ནི་ང་རང་ཉིད་ཀྱིས་བསམ་ན་འཁྲུལ་སྣང་གི་དབྱིངས་སུ་ལྷུང་བའི་ཉི་ཚེ་བའི་སྐད་ཆ་ཞིག་ལས་དངོས་ཐོག་བདེན་འཚོལ་གྱི་སྐད་ཆ་ཞིག་ཏུ་མི་སེམས་སོ།།  དཔེར་ན།འཕྲུལ་ཡིག་བཞི་བཅུ་མ་ཤེས་རུང་སྙན་ངག་ཤེས་ན་ཆོག་པར་བརྗོད་པ་དང་འདྲའོ།། ཁ་ཤས་ཤིག་གི་ཚད་མ་རིག་པ་ལ་ཤུགས་ཅི་ལྟར་བཏོན་ཀྱང་སྤྱི་ཚོགས་སྟེང་མཁོ་གལ་མེད་པ་དང་། དེ་ལས་ལམ་རིམ་དང་ལོ་རྒྱུས། གཞན་གྱི་སྐད་ཡིན་སོགས་ཤེས་ན་ཕན་པར་བཤད། བདག་གི་བསམ་ཚུལ་ལ་སྤྱི་ཚོགས་སྟེང་ནུས་ཤུགས་འདོན་ཐུབ་མིན་ནི་རང་ཉིད་ཀྱི་ནུས་པ་ལ་ཐུག་ཡོད་མོད་དེ་ལ་ཤུགས་ཆེ་ན་ཤེས་རིག་གང་སྦྱངས་ན་གཅིག་ཡིན་པར་འདོད། ལྷག་པར་དུ་དགོན་སྡེ་ཤེས་རིག་ནི་འཇིག་རྟེན་གྱི་འབྱོར་ཕྱུག་བཙལ་བྱེད་མ་ཡིན་པ་ནི་ཀུན་གྱིས་ངེས་པར་མཛོད།

སྤྱིར་དགོན་སྡེ་སློབ་གཉེར་བ་ཞིག་ལ་མཚོན་ན་ཐོག་མར་སུམ་རྟགས་དག་གསུམ་དང་བློ་རྟགས་བསྡུས་གསུམ་སོགས་ལ་སློབ་སྦྱོང་ཡག་པོ་ཞིག་བྱེད་དགོས་ལ། དེ་འདྲ་བྱེད་ཐུབ་ཚེ་གཞུང་ཆེན་མོ་རྣམས་ལ་སྦྱོང་བ་བྱས་ན་འབྲས་བུ་བཟང་པོ་ཞིག་ལོན་པའི་རེ་བ་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། ལྷག་པར་དུ་གྲྭ་བ་ཞིག་ལ་མཚོན་ན་སུམ་རྟགས་དག་གསུམ་དང་། སྙན་ངག  མངོན་བརྗོད། སྐར་རྩིས། ཟློས་གར་སོགས་ལ་མགོ་འཁོར་ནས་མི་འདུག་པར་གཞུང་ཆེན་མོ་རྣམས་ལ་སློབ་སྦྱོང་བྱེད་རྒྱུ་ནི་གནད་ཀྱི་དམ་པ་ཞིག་ཏུ་འཁུམ་ལ། དེའི་སྟེང་དུ་སྒོམ་སྒྲུབ་ཉམས་ལེན་དང་། དེ་བའི་ཞོར་དུ་གཞན་སྐད་གཞན་ཡིག་ཤེས་ན་མི་ཚེ་འདི་དང་མིའི་རིགས་ཀྱི་གཟི་བརྗིད་དུ་འགྲོ་ངེས་པར་སྙམ།

ཆུ་ཚོད་བཅུ་བ་ནས་བཅུ་གཅིག་བར་དུ་ད་ལོ༼ལོ་གསུམ་སྒྲུབ་གྲྭ༽མཐར་ཕྱིན་གྱི་གྲྭ་བ་ཁ་ཤས་ཤིག་ལ་བསྡུས་གྲྭའི་དཔེ་ཁྲིད་བྱེད་ཁུལ་བྱས་པ་ཡིན། ང་ཚོའི་བོན་ལུགས་ཀྱི་བསྡུས་གྲྭ་འདི་ལ་མཚོན་ན་གྲུབ་མཐའ་གཞན་པའི་བསྡུས་གྲྭ་དང་མ་འདྲ་བར་བསྡུས་ཚན་ཁོ་ན་མ་ཡིན་ཞིང་ཐོག་མའི་སྤྱིར་བསྟན་གྱི་ལེ་ཚན་ནང་དུ་བདེན་གཉིས་བདེན་བཞི་དང་། ཟག་བཅས་ཟག་མེད། འཁོར་བ་མྱང་འདས། གྲུབ་མཐའི་སྐོར། བློ་རིག་སོགས་མང་པོ་འདུས་ཤིང་གཞུང་གོང་མ་རྣམས་ཀྱི་ལག་ལེན་དུ་འགྲོ་བའི་གནད་མང་པོ་འདུས་ཡོད། བསྡུས་གྲྭ་ནི་ཐོག་མའི་རིགས་ལམ་ཙམ་དང་། ཡང་ན་མཐོང་ཆུང་དང་སྣང་མེད་ཀྱི་ཡུལ་དུ་གྱུར་བའི་ཤེས་རིག་གི་སྡེ་ཚན་ཞིག་རྩ་བ་ནས་མ་ཡིན་པར་སྙམ།
ཆུ་ཚོད་བཅུ་གཅིག་དང་བཅུ་གཉིས་པར་གྲྭ་བ་ཞིག་ལ་ཕར་ཕྱིན་སྐབས་དང་པོའི་དཔེ་ཁྲིད་བྱེད་ཁུལ་བྱས་པ་ཡིན། འཛིན་གྲྭ་འདི་ལ་ཁོ་གཅིག་པུ་མ་གཏོགས་མེད། ཁོའི་གྲོགས་པོ་ཚོ་ད་ལོ་རང་དགོན་གྱི་ལོ་གསུམ་སྒྲུབ་གྲྭ་ལ་བཞུགས་ཡོད། གྲྭ་བ་ཞིག་ལ་མཚོན་ན་ཐོས་བསམ་དང་སྒོམ་སྒྲུབ་ནི་གཙོ་ཆེ་ཞིང་དེ་གཉིས་ཀྱི་གང་གི་ལམ་དུ་ཞུགས་ན་ཕུགས་མདུན་མ་ནོར་བ་ཞིག་ཡིན་པ་རང་ཉིད་ཀྱིས་ནམ་རྒྱུན་དེ་ལྟར་བསམ་ཡོད། ཞོར་དུ་རང་ཉིད་ཀྱི་དྲན་ཚུལ་ལ་ཐོས་བསམ་དང་སྒོམ་སྒྲུབ་གང་ཡང་མེད་པའི་གྲྭ་བ་ནི་དགོན་པའི་ནང་གི་གྲྭ་བ་ཉི་ཚེ་བ་ཞིག་ཏུ་སེམས་བཞིན་ཡོད།
ཆུ་ཚོད་བཅུ་གཉིས་དང་གཅིག་གི་བར་དུ་འདོན་ཆོག་སློབ་བཞིན་པའི་གྲྭ་ཆུང་ཚོར་གཤེན་བཙུན་གཞོན་ནུ་འཇུག་པའིབརྡ་དག་ཐེམ་སྐས་གསར་བའི་བགྲོད་ལམ་ཞེས་པ་ཁྲིད་ཁུལ་བྱས་པ་ཡིན། མི་ཚེ་ཡི་མདུན་ལམ་དེ་ནམ་མཁའ་བཞིན་ཡངས་པར་བྱེད་དགོས་ན་ཐོག་མའི་སློབ་སྦྱོང་དང་ཐོག་མའི་སློབ་གསོ་ཡག་པོ་ཞིག་མྱོང་རྒྱུ་དེ་ཡིན། དེ་ནི་གཙོ་བོ་གྲྭ་ཆུང་རྣམས་ཀྱི་དགེ་རྒན་ཚོས་གླེང་ཕྱོགས་ལ་རགས་ལས་ཡོད། གྲོང་ཆོག་གླེང་བ་དང་། ཤེས་རིག་གླེང་བ། དོན་མེད་ཀྱི་སྐད་ཆ་གླེང་བ་སོགས་གང་ཤུགས་ཆེར་གླེང་ན་དེའི་ཕྱོགས་སུ་འགྲོ་བ་ནི་ཆོས་ཉིད་དུ་གྲུབ་ཡོད་པར་སྣང་།
ཆུ་ཚོད་གཅིག་དང་གཉིས་ཀྱི་བར་ལ་བསྡུས་གྲྭ་བ་ཡོངས་ལ་བརྡ་སྤྲོད་ཉེར་བདུན་སློབ་ཁུལ་བྱས་པ་ཡིན། བརྡ་སྤྲོད་དང་བསྡུས་རྟགས་ཀྱིས་སློབ་སྦྱོང་གི་གཞི་འདིང་རྒྱུ་ནི་ངའི་མི་ཚེ་འདིའི་སློབ་སྦྱོང་གི་གོ་རིམ་ཞིག་ཡིན་ལ། ངས་བཤད་འདོད་པ་དང་སློབ་སྦྱོང་ལ་མཁོ་བའི་གདམས་ངག་ཉག་མ་གཅིག་པོ་ཡང་འདི་ཡིན་པར་བསམ་ཡོད། ཆུ་ཚོད་གཉིས་དང་གསུམ་གྱི་བར་ལ་སློབ་གཉེར་བ་ཆེ་བོ་ཚོར་ལམ་རིམ་ཁྲིད་ཁུལ་བྱས། ད་སྐབས་ང་ཚོས་སྦྱང་བཞིན་པའི་ལམ་རིམ་འདི་ནི་ལམ་རིམ་ཀུན་གྱི་མ་ཕྱི་ཡར་འབྲོག་མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པའི་ལམ་རིམ་སུམ་བརྒྱ་ཉི་ཤུ་བ་དེའི་དགོངས་འགྲེལ་ལྟ་བུ་ཡིན། ང་རང་གི་ལྟ་ཚུལ་ནི་བོན་པོ་ཚོ་ཡིན་ན་ཡང་གྲྭ་སའི་བར་གྱི་ཕྱོགས་ལྷུང་མེད་པར་གསུང་གང་གནད་ཆེ་ན་བསླབ་པ་དང་། ཞོར་དུ་གྲུབ་མཐའ་གཞན་པའི་གསུང་རབ་ཀུན་ཀློག་ནས་ཤེས་རྟོགས་འཕེལ་བར་བྱེད་པ་ནི་སློབ་སྦྱོང་གི་ཐབས་ལམ་ཞིག་ཏུ་བསམ་ཡོད།

གྲྭ་བ་ཞིག་ལ་མཚོན་ན་དགེ་བའི་བཤེས་གཉེན་བསྟེན་ཚུལ་ཙམ་ཡང་མ་ཤེས་ན་ཐབས་རྡུགས་པོ་འདྲ་ཞིག་ཡིན།   སྔོན་མ་ཞིག་ལ་རང་ཉིད་བདག་གི་དགེ་རྒན་དང་གྲོགས་པོ་མང་པོ་ཞིག་དང་ལྷན་དུ་ཕ་ཡུལ་ཁྲི་ཀའི་སེར་བརྒྱ་ནས་འདུལ་བསྟན་གྱི་མེ་རོ་སླར་ཡང་སྦར་སའི་གནས་ཁྱད་པར་ཅན་བླ་ཆེན་པོ་མུ་ཟི་གསལ་བཟང་མཆོག་གི་སྒྲུབ་གནས་བྲག་དཀར་རྩེ་འདུས་ལ་རྐང་ཐང་དུ་མཇལ་བར་སོང་། ལམ་ཁ་ནས་སྐེ་བའི་གྲོང་ཚོ་ཞིག་གི་ནང་དུ་ཁྱིམ་ཚང་ཞིག་ནས་ཇ་སློང་ཞིང་ཇ་འཐུང་བ་ཡིན། འགྲོ་ཁར་ཁྱིམ་ཚང་དེ་བ་ཚང་གི་བདག་པོ་དང་བདག་མོ་ཚོས་ཁ་བཏགས་བཟུང་ཞིང་ངའི་དགེ་རྒན་བསྟན་ནས་འདི་བ་ཚང་བླ་མ་ཞིག་ཨེ་རེད་ཅེས་དྲིས། བོད་ཀྱི་གཏམ་དཔེ་ལ་མྱི་མང་སྔུན་ནས་ཁ་མ་སྔ་ཞེས་པ་ཆི་མ་བདེན། ང་རང་སྔོན་ལ་བུད་ནས་ཁོང་བླ་མ་ཡིན་ནི་མ་རེད་དགེ་བཤེས་ཡིན་རེད་ཅེས་བཤད།  དེ་དུས་ངས་ཁོང་ཚང་གི་གདོང་ལ་ལྟ་དུས་ཁོང་གི་ཞལ་ཡོངས་འཛུམ་གྱིས་ཁེངས་ནས་འདུག  ཁྱིམ་བདག་ཚོ་སྤྲོ་བའི་ངང་ནས་མཇལ་ཁ་ཞུས་ཤིང་ངེད་ཚོ་གནས་མཇལ་ལ་སོང་བ་ཡིན། དེའི་རྗེས་ཀྱི་སློབ་གཉེར་བྱས་པའི་གོ་རིམ་ཁྲོད་ནས་སྐད་ཆ་དེ་ཡིད་ལ་དྲན་ཐེངས་རེ་ངོ་གནོང་བའམ། ཡང་ན་ཡིད་སྐྱོ་བ། གང་ལྟར་དེ་དུས་ངས་གླེན་བཤད་རིམ་པ་དགུ་བྱས་སོང་། དོན་ངོ་མ་བཤད་ན་ཁོང་ནི་རྔ་ཡུལ་སྣང་ཞིག་དགོན་ཆེན་གྱི་མཁན་པོ་དགེ་བའི་བཤེས་གཉེན་དཔོན་སློབ་ལུང་རྟོགས་རྒྱ་མཚོ་ཚང་ཡིན། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མངའ་བའི་ཁོང་ལྟ་བུ་བླ་མ་མ་ཡིན་ན་གཞུང་ལུགས་ཀྱི་ཡོན་ཏན་གང་ཡང་མེད་པའི་ཡང་སྲིད་ཡིན་ཟེར་མཁན་དག་བླ་མ་ཡིན་པ་ཅི་ལྟར་ངེས། ད་སྐབས་ཀྱི་དུས་སུ་ཡང་རང་ཉིད་ལ་ཀ་ཁ་བསླབ་མཁན་གྱི་དགེ་རྒན་ནས་དགེ་རྒན་མང་པོ་ཞིག་རང་ཉིད་ཀྱི་བླ་མ་ཡིན་པར་རློམས་མཁན་ངོ་མ་བཤད་ན་དུ་ཡོད་དམ། འུ་ཚོ་བཤེས་གཉེན་བསྟེན་ཚུལ་གྱི་ཕྱོགས་ལ་རྨོངས་པར་གནས་ཡོད།

ཆུ་ཚོད་གསུམ་དང་ཕྱེད་ཀའི་བར་སློབ་ཁྲིད་ཀྱིས་དུས་འདའ་བར་བྱས་རྗེས་ངས་གོང་ཟས་ཟོས་པ་ཡིན། ད་རབས་ཀྱི་བདུན་ཕྲག་འདི་ལ་ངེད་ཚོའི་བྱ་བ་སྐྱོར་སྦྱང་ཡིན། རྩོད་སྦྱང་བདུན་ཕྲག་རྗེས་མ་ནས་ཡིན་པས་ངས་ཆུ་ཚོད་བཞི་བ་དང་ལྔ་བའི་བར་དུ་སང་ཉིན་གྱི་སློབ་སྦྱོང་ལ་ཟུར་ལྟ་བྱས་པ་ཡིན། སློབ་གྲོགས་ཚོ་ཆུ་ཚོད་བཞི་བའི་སྟེང་ཞལ་འདོན་དང་ཆུ་ཚོད་ལྔ་བ་ནས་དྲུག་པའི་སྟེང་སྐྱོར་སྦྱང་རེད། ཆུ་ཚོད་དྲུག་དང་སྐར་མ་བཅུ་ཡས་མས་ཤིག་ནས་གྲྭ་ཆུང་གཉིས་སླེབས་བྱུང་། ངས་ཁོ་གཉིས་ཀྱི་སྦྱང་ཚན་དག་རྒྱུགས་བླངས་པ་ཡིན། ནམ་རྒྱུན་ཁོ་གཉིས་ཀྱིས་རྒྱུགས་མ་འཕྲོད་ཚེ་གཅར་རྡུང་གི་གོ་རིམ་བརྒྱུད་དགོས། ད་སྐབས་ཤིག་ལ་ཚང་མས་དགེ་རྒན་གྱིས་གཅར་རྡུང་བྱས་པ་ཉེས་ཅན་དུ་བརྩིས་ནས་པར་རིས་འདྲ་མིན་སྐད་འཕྲིན་གྱི་འཕྲིན་ལམ་ནས་ཁྱབ་བརྡལ་དུ་གཏོང་བཞིན་འདུག  སློབ་མ་ཞིག་ལ་མཚོན་ན་ཁ་ཡི་སློབ་གསོ་དང་ལག་གི་དབྱུག་པ་གཉིས་ཀ་མེད་ན་ཤེས་ཡོན་བཟང་པོ་ཞིག་ཇི་ལྟར་འབྱོར།
ད་སྐབས་རྒྱ་དང་མི་རིགས་གཞན་པའི་སློབ་གྲྭའི་དཔེ་སྲོལ་ངན་པ་དག་འུ་ཚོའི་ས་གནས་སུ་ཁྱབ་བཞིན་འདུག  དགེ་རྒན་གྱིས་སློབ་མ་ལ་གཅར་རྡུང་བྱེད་མི་ཆོག་པ་དང་སློབ་མས་དགེ་རྒན་ལ་ངོ་རྒོལ་བྱེད་ཆོག་པ། འདི་འདྲའི་རིགས་ནི་གུས་སྲོལ་མ་ཤེས་པ་དང་སློབ་སྦྱོང་གི་གེགས་སུ་འགྲོ་ངེས། བླ་བྲང་དགོན་པའི་དགེ་བཤེས་ཨ་ཁུ་འཇམ་དབྱངས་ཉི་མས་ཁོང་གི་དགེ་རྒན་རིན་པོ་ཆེ་དགེ་བཤེས་ལྷ་མོ་ཚུལ་ཁྲིམས་ཚང་གིས་གནང་བའི་འབྲེང་ལྕག་ལ་གུས་བཀུར་དང་དམ་འཛིན་བྱས་པ་བརྒྱུད་འུ་ཚོ་ལ་ཧང་སང་བའི་བསམ་བློ་ཞིག་སྟེར་ངེས། བདག་གི་དྲན་ཚུལ་ལ་དགེ་རྒན་ཞིག་ཡིན་ན་སློབ་གསོ་ཁ་ཡིས་བརྗོད་པ་གཅིག་པུས་ག་ལ་ཆོག་དབྱུག་པ་ཡང་ལྷན་དུ་འགྲོ་དགོས་པར་འདོད། ད་སྐབས་དབྱུག་པ་སྟེར་མཁན་གྱི་དགེ་རྒན་ཉུང་བར་སོང་ཡོད། ཁྱེད་རང་སློབ་མ་ལ་ཤ་ཚ་བ་དང་སྙིང་ཉེ་ན་དབྱུག་པ་སྟེར་རྒྱུ་མ་བརྗེད། ངས་རང་གི་སློབ་གྲོགས་ཚོ་ལ་ད་སྐབས་དབྱུག་པ་སྟེར་མཁན་དཀོན་པོ་ཡིན་པ་དང་། གལ་སྲིད་ཁྱོད་ཚོ་དབྱུག་པ་སྟེར་མཁན་གྱི་དགེ་རྒན་འདྲ་འཕྲད་ཚེ། དེ་ནི་ཁྱོད་ཚོས་གུས་པར་འོས་པ་དང་། ཁྱོད་ཚོའི་སྐྱབས་མགོན་དུ་རློམ་ཆོག་པའི་སངས་རྒྱས་རློན་པ་དེ་ཡིན་སྲིད་ཅེས་བཤད་པ་ཡིན།

དེ་ནས་ངེད་ཚོས་ནུབ་ཟས་བསྐོལ་ཞིང་ནུབ་ཟས་ཟོས།  དེའི་རྗེས་སུ་ཁོ་གཉིས་ལ་མཚོན་ན་སང་ཉིན་གྱི་སློབ་སྦྱོང་ལ་གཤར་སྦྱང་གི་འགན་འཁུར་ཞིག་ཡོད། དེ་འགྲུབ་རྗེས་ཉིན་གཅིག་གི་ལས་ཀ་ཡོངས་སུ་འགྲུབ་པ་ཡིན། ང་རང་གིས་ནུབ་ཟས་ཟོས་རྗེས་དེ་རིང་གི་ཉིན་ཐོ་འབྲི་འགོ་བརྩམས་ཤིང་བྲིས་ཚར་བ་ན་ཆུ་ཚོད་བཅུ་དང་ཕྱེད་ཀ་ཡས་མས་སུ་ཐོན་འདུག  འདི་ནི་ངའི་ཉིན་གཅིག་གི་བྱ་བའི་བརྒྱུད་རིམ་ཙམ་མ་ཡིན་པར་གྲྭ་བ་སྤྱི་ལ་སྣང་བའི་ཉིན་གཅིག་གི་བྱ་བའི་བརྒྱུད་རིམ་ཞིག་ཡིན། འདི་ནི་ང་ལ་མཚོན་ན་ངའི་སློབ་སྦྱོང་དང་། ངའི་ཚོགས་བསགས། ངའི་དགེ་སྒྲུབ་ཅིག་ཏུ་སྒོམ་བཞིན་ཡོད་དོ།།

༢༠༡༧  .༣  .  ༣     ཉིན་བྲིས།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།