ལོ་གསར་མཆོད་སྤྲིན།

རྐྱ་གྱེར་ར་ཐ་ཚན་ཀུན་ཤེས་ལ་ན་མོ།།
རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།།

ཨ་དཀར་སྔགས་བཅས་རྒྱལ་བསྟན་རབ་དར་བ།།
ཧ་ཅང་གནས་བཟང་གདན་ས་དམ་པ་ན།།
ཨ་ལགས་མཚན་ལྡན་བླ་མ་གང་ཞབས་ལ།།
ཧ་ཅང་དད་པས་སྙན་ངག་མཚམས་རྟགས་ཙམ།།

ས་གནས་གང་སར་རྒྱལ་སྲས་ཁྱད་འཕགས་ཅན།།
ཤ་སྟག་མང་ཡང་འགྲན་བྲལ་བླ་མ་ཞབས།།
ལ་རྒྱ་མ་བསམ་ཧ་ཅང་དད་ལྡན་མང་།།
ར་བ་གངས་ཅན་ཁམས་ན་སྙན་གྲགས་འབར།།

ཡ་མཚན་མཛད་བཟང་གཞན་ལས་ཁྱད་འཕགས་པས།།
འ་ཅག་སྐལ་ལྡན་དྭངས་པ་རབ་དྲངས་ནས།།
ཟ་ཉལ་ལམ་བསླང་མཉམ་བཞག་བརྟན་པར་གནས།།
ཞྭ་དཀར་བསྟན་ལ་མཛད་པ་རྣམ་པར་དག།

ཝ་འདྲ་བསམ་ངན་འཆང་བ་ཆགས་སྡང་ཅན།།
ཛ་ཡ་བསྟན་ལ་སྡང་རྣམས་ཚར་ཐག་བཅད།།
ཚ་གྲང་དམྱལ་ཁམས་དྲངས་པ་བགྲང་ལས་འདས།།
ཙ་མ་ར་འདྲ་དམན་ལ་ལྷག་པར་བྱམས།།

མ་རབས་ལྟ་བ་དགག་བཞག་ཡང་དག་མཛད།།
བ་ལང་དམན་འདྲས་དཔྱད་ཀྱང་དཔག་པར་དཀའ་།།
ཕ་མཐའ་བྲལ་བ་མཁའ་ལྟར་སྤྱན་རས་ཡངས།།
པ་ཊ་ཐམས་ཅད་སྙན་པས་སྐྲག་པར་བྱས།།

ན་ཚ་བར་ཆད་གང་ཡང་བྲལ་བ་ངང་།།
ད་ལྟ་འགྲན་བྲལ་མཁའ་མཉམ་བླ་མ་ཞབས།།
ཐ་མལ་གང་ཟག་ཙམ་ལ་མ་བསམ་པར།།
ཏ་ཐ་ག་ད་མཇལ་བ་ཁྱད་པར་བྲལ།།

ཉ་ཟླ་ཟད་མཚམས་རྣམ་འཕྱང་གསར་བ་ལ།།
ཇ་དང་དཀར་མངར་ཞལ་ཟས་མང་བཤམས་ནས།།
ཆ་བྱད་ན་བཟའ་དམར་མདངས་བཀྲ་བ་ཅན་།།
ཅ་དག་བླ་གྲྭ་ལྷན་རྒྱས་གང་ཞབས་དད།།

ང་རྒྱལ་ལྡན་པ་མཁས་དབང་བགྲང་ཡས་པས།།
ག་ས་གང་ནས་ཡང་ཡང་བསྔགས་སྐབས་ལ།།
ཁ་བཏགས་རྟགས་བརྒྱད་བཀྲག་མདངས་གསར་བ་བཅས།།
ཀ་བཤད་གཤམ་ནས་ཡས་བསྟར་སྙན་ངག་ཙམ།།

སྲིད་ཞིར་མི་འཇིགས་ཏིང་འཛིན་རིམ་གཉིས་ཀྱིས།།
སྐུ་གསུང་ཐུགས་གསུམ་སྒྱུ་ལུས་ཟུང་འཇུག་བསྒྱུར།།
བདེར་གཤེགས་ཡེ་ཤེས་བརྩེ་ཆེན་གཏེར་བརྙེས་ཁྱེད།།

བསྟོད་དོ་འགྲོ་དོན་འཁོར་ལོ་ཡོངས་བསྐོར་མཛོད།།

ཞེས་འཛམ་གླིང་མཛེས་པའི་རྒྱན་གཅིག་ཕྱོགས་མཐའ་དག་ལས་རྣམ་པར་རྒྱལ་བའི་སྡེ་མཁའ་མཉམ་བླ་མ་ཆེན་པོ་༧རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་རིན་པོ་ཆེ་མཆོག་དགུང་ལོ་གྱ་བཞི་བཞེས་པ་འབྱུང་ལྡན་སུམ་བརྒྱ་དང་གཅིག་གི་ཉག་མ་སོ་ལྔ་བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་ཁྱིའི་གནམ་ལོ་གསར་ཚེས་ལ་ཀ་ཕྲེང་ལུགས་ལྡོག་དབྱངས་ཨ་ངེས་པའི་མཐར་དབྱངས་བཞི་ངེས་པའི་ཤོ་ལོ་ཀ་གཅིག་གིས་མཇུག་རྒྱན་ནས་རྩ་བའི་བླ་མ་ཐམས་ཅད་མཁྱེན་པའི་ཞབས་པད་བསྟེན་པའི་སྐལ་བ་ཅན་ཁྲི་བསྟན་དར་ནས་ཕུལ་བའོ་།།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།