རང་གཞན་ཀུན་ལ་ཕན་པའི་གཏམ་ངོ་མཚར་དཔྱིད་ཀྱི་དབྱངས་སྙན།
|
ཤི་མི་རུང༌།། དོན་ཆུང་ ཕྱུགས་ཀྱི་ཁ་ཟས་ཙམ་བརྩད་ནས།། དོན་ཆེན་ལུས་སྲོག་གཏོང་བ་བླུན་པོའི་ལུགས།། དབང་ཡོད་སྙམ་ནས་ཕྱོགས་འཛིན་ཆེར་མ་བྱེད།། དབང་མེད་འབངས་ཀྱིས་ཁྲེལ་ན་རང་ཕུང་རྒྱུ།། ཕྱོགས་རིས་ཆེ་བ་ ཆོས་པས་སྤང་བྱ་ཡིན།། ཕྱོགས་འཛིན་ངོ་བོ་འདོད་ཆགས་ཞེ་སྡང་རེད།། གྲུབ་མཐའི་ཕྱོགས་འཛིན་བསྟན་དོན་ཡིན་འདོད་ཀྱང༌།། གྲུབ་པ་མིན་པ་ཉོན་མོངས་ཆེ་བས་གསལ།། མཁས་པ་ཡིན་ཟེར་ཆགས་སྡང་ཆེ་དྲགས་ན།། མཁས་མིན་བླུན་པོའི་ཁྱད་པར་གང་གིས་འབྱེད།། མཁས་གྲུབ་ཚད་ལྡན་ཡིན་ན་རང་རྒྱུད་ཐུལ།། མཁས་པ་ཉོན་མོངས་ཆེ་བ་ཆེས་མི་ལེགས།། གཞན་གྱིས་བཀུར་བསྟི་བྱེད་ཚེ་བྱམས་སྙིང་སྒོམས།། གཞན་ལ་མཐོང་ཆུང་བྱས་ན་མཐའ་མི་ལེགས།། གཞན་དོན་བྱེད་ནུས་སྐྱེས་བུ་ཡིན་མིན་ནི།། གཞན་ཕན་ཕྱོགས་མེད་ལྷག་བསམ་ཡོད་མེད་རག ། བསམ་ངན་དམར་སེར་གོས་གྱིས་བཏུམ་མི་ནུས།། བསམ་ཡོད་རིགས་པས་དཔྱད་ན་ཤེས་པར་སླ།། གཞན་ལ་སྡང་བའི་བློ་ངན་ཤོམས་མི་རུང༌།། གཞན་གྱིས་ཤེས་ཚེ་ཁྲེལ་རྒོད་འབྱུང་བའི་རྒྱུ།། རང་དོན་གཅིག་པུ་གྲུབ་འདོད་ཧམ་སེམས་དེས།། རང་གཞན་འདི་ཕྱིའི་འདུན་མ་བརླག་པར་བྱེད།། མི་མཆོག་རྒྱལ་བའི་བསྟན་དོན་ཡིན་ཁུལ་གྱིས།། མི་ཡི་སྙིང་ལ་ཕོག་པའི་གཏམ་མ་བཤད།། མི་ལ་མ་བརྟེན་ལུགས་གཉིས་སྒྲུབ་ཚུལ་མེད།། མི་རྣམས་མཐུན་ན་མི་འགྲུབ་ག་ལ་ཡོད།། ཚིག་ཙམ་མཛེས་པའི་བསྟན་བཅོས་དགོས་པ་བྲལ།། ཚིག་དོན་མཐུན་མིན་བལྟས་པ་ཙམ་གྱིས་ཤེས།། ཚིག་མང་སྨྲ་བའི་རྩོམ་པ་ལེགས་ན་ཡང༌།། ཚིག་གི་སྟེང་ནས་རྩོམ་མཁན་ཀུན་སློང་ཤེས།། དོན་ལ་མཁས་ན་རང་རྒྱུད་ཞི་ཞིང་དུལ།། དོན་ལྡན་ཡིན་མིན་མཐོང་བ་ཙམ་གྱིས་གསལ།། དོན་བཟང་བསླབ་བྱ་བློ་ལྡན་ཀུན་གྱིས་གཉེར།། དོན་མེད་ཚིག་ལ་ཡིད་རྟོན་སུ་ཡིས་བྱ།། ངོ་མཚར་གཏམ་བཟང་དཔྱིད་ཀྱི་དབྱངས་སྙན་ཅན།། ལྷག་བསམ་དྲི་བཟང་འཐུལ་བའི་ནགས་ཚལ་ནས།། རིག་པ་འཕེལ་བའི་འཕུར་ལྡིང་གཡོ་བ་ཡིས།། བློ་ལྡན་གཞོན་ནུ་དགྱེས་པའི་དགའ་སྟོན་སྤེལ།། གངས་ཅན་ལྗོངས་ན་ལྔ་རིག་འཕེལ་བའི་གཏམ།། མུ་ཏིག་དོ་ཤལ་གསར་བའི་འཛུམ་དཀར་ཅན།། རྫོགས་ལྡན་འཇོ་སྒེག་ངོམ་པའི་རོལ་རྩེད་ཀྱིས།། ཕྱོགས་ཀྱི་བུ་མོ་མཛེས་པའི་རྒྱན་གྲུབ་རྨད།། བསམ་པ་དགེ་བའི་ཟླ་སྣང་དཀར་པོའི་འཛུམ།། བརྗོད་དོན་ལེགས་པའི་རྒྱུ་སྐར་ཚོམ་བུ་དང༌།། ལྷན་ཅིག་རྒྱ་ཆེན་རིག་པའི་སྣང་བ་བཅས།། བློ་ལྡན་དྭངསས་པའི་མཚོ་ལ་ཅི་ཡང་ཤར།། ཅེས་པའོ།། |

