འབུལ་བཤད་དུང་གི་སྒྲ་དབྱངས།

རྩོམ་པ་པོ། ཁྲི་བ་གཡུང་དྲུང་། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

འོ་ལགས་སོ། 

       དཔལ་ཡས་སྲི་ཞིའི་དགེ་ལེགས་མཉམ་པ་མེད་པའི་འཕྲིན་ལས་ཅན།།

       ཡོན་ཏན་ལྷུན་རྫོགས་གྲུབ་པ་མཆོག་བརྙེས་སྐུ་ཡི་ཕྲེང་བ་མཚར་དུ་དངར།།

       སྐྱེས་སྦྱངས་ཤེས་རབ་ཟླ་དང་བྲལ་བའི་རིག་གནས་རྒྱ་མཚོའི་ཕ་མཐར་སོན།།

       འགྲོ་ལ་བྱམས་བརྩེས་ཡོངས་འཛིན་འདྲེན་མཆོག་པདྨའི་གཉེན་ཞབས་སྤྱི་བོས་མཆོད།།

              ཞེས་སྙན་ཚིག་པདྨ་དཀར་པོའི་མེ་ཏོག་སིལ་མར་འཐོར་ཏེ་གང་ཞུ་ན།  དང་པོ་སངས་རྒྱས་བྱོན་ཚུལ་བར་དུ་བསྟན་པ་དར་ཚུལ་མདོ་ཙམ་བརྗོད་ན།  ད་ལྟའི་སྒྲོན་མེ་བསྐལ་བ་བཟང་བོ་འདིར།  སངས་རྒྱས་རབ་བརྒྱད་བྱོན་པའི་ནང་ཚན།  མི་རྣམས་ཚེ་ལོ་བརྒྱ་ཡི་དུས་སུ།  སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཞེས།  དུག་ལྔ་སྡིག་བཅུ་ཚང་བའི་དུས་ངན་འདིར།  གདུལ་བྱ་སེམས་ཅན་འདྲེན་པའི་ཕྱིར་དུ།  གཟིགས་ཚད་ལྔ་དང་དགོངས་ཚད་ལྔ་ཡི་སྒོ་ནས།  སྟག་གཟིག་འོལ་མོ་ལུང་རིང་བར་བོ་སོ་བརྒྱད་དུ།  ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ།  ཟླ་བའི་དང་པོ་དཔྱིད་ཀྱི་མེ་སྟག་ཟླ་བ།  ཞག་གི་སྙིང་པོ་ཚེས་ཆེན་བཅོ་ལྔ།  དུས་ཚོད་ཀྱི་དང་པོ་ནམ་ལངས་པ།  སྐར་མ་དམ་པ་རྒྱལ་ཤར་དུས།  ཡབ་ནི་རྒྱལ་བོན་ཐོད་དཀར་དང་།  ཡུམ་ནི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་བཀྲ་ཤིས་མཚན་མའི་ལྟས་དང་བཅས།  མཚན་དཔེ་འབར་བའི་ཉི་གཞོན་མཁའ་རུ་བཞད་དེ།  བཀའ་ཡི་དང་པོ་ཐེག་པ་རིམ་དགུ་བསྟན།   བཀའ་ཡི་བར་བ་སྒོ་བཞི་མཛོད་ལྔ་གསུང་།  བཀའ་ཡི་ཐ་མ་ཕྱི་ནང་གསང་གསུམ་བོན།  མཛད་ཆེན་མཛད་ཕྲན་བཅུ་གཉིས་མཛད་དེ།   གདུལ་བྱ་སེམས་ཅན་ཐམས་ཅད་ངན་སོང་དོང་ནས་སྤྲུགས་ཏེ།  ཐར་བ་དང་ཐམས་ཅད་མཁྱེན་པའི་ས་ལ་བཀོད།   དེ་ནས་བསྟན་བདག་གང་གི་རྒྱུད་འཛིན།  རྒྱལ་བའི་གདོང་སོབ་ཆེན་པོ་མུ་ཆོ་ལྡེམ་དྲུག    ཉེ་བའི་སྲས་ཆེན་བརྒྱད་ལ་སོགས།  རྒྱལ་བ་འཆི་མེད་ཡབ་ཡུམ་སྲས་གསུམ།  འཛམ་གླིང་མཁས་པའི་རྒྱན་དྲུག   བར་གྱི་གདུང་རྒྱུད་བཅུ་གསུམ།  སྨད་ཀྱི་མཁས་པ་མི་བཞི།  སྐྱེ་འཆིར་རང་དབང་ཐོབ་པ།   ཞང་བོད་གྲུབ་ཆེན་བརྒྱད་ཅུ།  རིག་འཛིན་རྣམས་ཀྱི་ཐུ་བོ།   དྲན་པ་ཡབ་སྲས་རྣམ་གསུམ།  ཕྱི་དར་བརྒྱུད་པའི་བླ་མ།  གཤེན་གྱེར་རྨ་དབྱིལ་བྲུ་ཞུ་སྤ་རྨེའུ།  སེམས་དཔའ་ཡོངས་ཀྱི་རྒྱལ་པོ།  མཉམ་མེད་ཤེས་རབ་རྒྱལ་མཚན།  སྨན་རིའི་མཁན་རབས་རིམ་བྱོན།   སྟོད་ན་གྲྭ་ས་ཡ་བཞི།  བར་ན་ཁྱུང་བོ་དཀར་ནག་སེར་གསུམ།  སྨད་ན་ཞིག་ཆེན་བཅོ་བརྒྱད།  མཁས་ཤིང་གྲུབ་པའི་བདག་ཉིད་སྤྲུལ་སྐུ་རྣམ་བཞི།   མདོ་སྨད་འཕགས་པ་རྣམ་གསུམ།  སྐྱབས་གནས་ཀུན་གྱི་ངོ་བོ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན།  སྙིགས་དུས་ཀྱི་འདྲེན་པ་ཆེན་པོ།  ཀུན་མཁྱེན་ཤར་རྫ་བཀྲ་ཤིས་རྒྱལ་མཚན།  རྩེ་ཞིག་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས།  གཡུང་དྲུང་བསྟན་རྒྱས།  མ་ཧཱ་པཎྚི་ཏ་སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོ།  བོན་བརྒྱའི་གསང་བདག་རང་ཤར་རིག་གྲོལ།  གཡུང་དྲུང་ཕུན་ཚོགས།  ནམ་མཁའ་རྒྱལ་མཚན།  སྡོང་སྐམ་སྣང་གསལ་ལྷུན་གྲུབ།  བདག་ཅག་གི་རྩ་བའི་བླ་མ་མ་ཧ་པཎྚི་ཏ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་སོགས་གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་བྱོན་ནས།  བཤད་སྒྲུབ་ཟུང་འཇུག་གི་བསྟན་པ་དར་ཞིང་རྒྱས་པར་སྤེལ་བ་ལགས་སོ།   ༧ འོ་དེ་ཡང་ལོ་ངོ་སྟོང་ཕྲག་གཅིག་གི་ཡར་སྔོན།  བོད་རྒྱལ་དར་མའི་སྐབས་སུ།  སྐྱེ་འཆིར་རང་དབང་ཐོབ་པའི་རེབ་གོང་གྲུབ་ཐོབ་རྣམ་གསུམ་གྱིས།   བསྟན་འགྲོའི་དོན་དུ་དགོངས་ནས།  དབུས་ས་ག་གདོང་དྲུག་ནས།  འབྲུག་ཁྱུང་སེང་གསུམ་ལ་བཅིབས་ཏེ།  རེབ་གོང་གསེར་མོ་ལྗོངས་ཀྱི་ས་འབལ་ཚའི་ཉག་དམར་ནས།  མཐོང་རེག་དུག་གིས་གསོད་པའི་བཙན་སྡོང་ཞིག     དབལ་རམ་འབུམ་གསུམ་གྱི་བསྐྱེད་རིམ་ལ་ཞུགས་ཏེ།  ཟན་གྱི་གཏོར་མ་ཟུར་གསུམ་ཞིག་གིས་བཙན་སྡོང་བརྩད་ནས་བཅད་དེ་ཀླུ་བདུད་དམ་ལ་བཏགས།  ཕུར་བུ་སྟོང་ཕྲག་བཞེངས་ཏེ།  བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱ་འབྱུང་བའི་རྟེན་འབྲེལ་བྱུང་ངོ་།།  རིག་འཛིན་གྲུབ་ཐོབ་རྣམ་གསུམ་གྱི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་དང་།  དྲིན་ཆེན་རྩ་བའི་བླ་མའི་མཛད་པ་འཕྲིན་ལས་ཀྱི་མཐུ་ལ་བརྟེན་ནས།  ངུར་སྨྲིག་ཅན་གྱི་འདུལ་བའི་སྡེ་དང་།  ལྕང་ལོ་ཅན་གྱི་སྔགས་འཆང་སྡེ་འདི།  སྔར་ལས་ལྷག་པར་དར་ཞིང་རྒྱས་པ་དང་།  གཞི་ཐེག་པ་རིམ་དགུ་ལ་བསླབས།  ལམ་རྫོགས་པ་ཆེན་པོ་ཉམས་སུ་ལེན།  འབྲས་བུ་སྐུ་བཞིའི་གོ་འཕང་མངོན་དུ་བྱེད་པའི།  འདུས་སྡེ་ཆེན་པོ་འདི་ཡི་བླ་མ་ཁྲི་བའི་མིང་ཙམ་འཛིན་པ་བདག་གིས།  རིག་འཛིན་འདུས་བ་རྒྱ་མཚོའི་ཚོགས་ལ།  འགྱེད་མང་ཇ་ཕུལ་བའི་རིམ་པ་ནི།  

༧  རབ་འབྱམས་ཤེས་བྱའི་གནས་ལ་བདག་གིར་མཛད་པ།  སྙིགས་དུས་ཀྱི་འགྲོ་བ་མ་ལུས་ཐར་བར་འདྲེན་པའི་དེད་དཔོན་ཆེན་པོ།  མཁས་དང་གྲུབ་པའི་གཙུག་རྒྱན་དམ་པ།   རྒྱལ་བ་མཉམ་མེད་ཆེན་པོའི་སྒྱུ་འཕྲུལ་རྣམ་པར་རོལ་བ།  བདག་སོགས་འདི་ཕྱིའི་གཏན་གྱི་སྐྱབས་དང་མགོན་གཅིག་པུར་གྱུར་བ།  དཔལ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ནི།  མདོ་སྨད་རོང་ཆེན་བཞིའི་ཡ་གྱལ།  བྱང་ཨཀྟ་རོང་གི་རེབ་གོང་རིག་པ་འབྱུང་བའི་གནས་མཆོག   བོན་བརྒྱ་གསང་སྔགས་བདུད་འདུལ་གླིང་གི་གཡས་ཟུར་ནས།  དམ་པ་ཁྱུང་གི་གདུང་རྒྱུད་དུ།  རྣམ་དཀར་དགེ་ཚོགས་ཚུལ་བཞིན་སྤྱོད་པའི་ཡབ་རྡོ་རྗེ་ཐར་དང་ཡུམ་ཚེ་རིང་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་མེ་བྱི་ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་པའི་ངང་སྐུ་འཁྲུངས་སོ།  ཡབ་རྗེ་བླ་མ་མཆོག་ནི་སྐུ་ན་ཕྲ་བའི་དུས་ནས།  སྙིང་རྗེ་ཆེན་པོ་གཞན་དབང་དུ་གྱུར་བ་དང་།  འཁོར་བར་ངེས་འབྱུང་དང་།  བྱང་སེམས་ཐུགས་རྒྱུད་ལ་བཅོས་མིན་དུ་འཁྲུངས་པས།  གྲུབ་དབང་ནམ་མཁའ་རྒྱལ་མཚན་མཆོག་དང་།  དཔལ་སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་སོགས་དམ་པ་དུ་མའི་ཞབས་ལ་གཏུགས་ཏེ།  དབང་ལུང་མན་ངག    རིག་གནས་ཆེ་ཆུང་ཐམས་ཅད་ཀྱི་ཁྲིད་རྒྱུན།  གཞན་ཆོ་ཀ་བཅུ་གཉིས།  གསས་མཁར་མཆོག་ལྔ།  མ་རྒྱུད་གསང་སྤྱོད་སོགས་དབང་ལུང་མན་ངག་འདོད་འཇོའི་གཏེར་ལ་བདག་གིར་མཛད་ཅིང་།  མདོ་སྔགས་རྫོགས་གསུམ་གསང་བ་ཡང་རྩེའི་བླ་མེད་ཀྱི་དངོས་གཞིའི་ཉམས་ལེན་མཐའ་རུ་ཕྱིན་ཏེ།  ཡི་དམ་ལྷའི་ཞལ་མཐོང་།  ཡེ་ཤེས་ཊཱཀྐིའི་ཟབ་དོན་གླུ་རུ་ལེན་པ།  ཁྱད་པར་དུ་གསེར་ལྗོངས་ཡུལ་ལ་མཉམ་མེད་ཆེན་པོའི་རང་ལུགས་དྲི་མ་མེད་པའི་ཕྱག་ལེན་ཇི་བཞིན་བཤད་སྒྲུབ་ཟུང་འཇུག་གི་སྲོལ་རྒྱ་ཆེར་ཕྱེས་ཤིང་བསྟན་འཛིན་གྱི་སློབ་བུ་མང་དུ་བསྐྱངས་ཏེ་ཐར་བའི་ལམ་ལ་བཀྲི་བར་མཛད།   ལྷག་པར་དུ་རྗེས་འཇུག་རྣམས་ཐར་ལམ་བགྲོད་པའི་ཐེམ་སྐས་ལྟ་བུར་གྱུར་བའི་གསུང་རྩོམ་ལ།  བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་དང་བསྟན་རྩིས་རིས་མེད་ཡིད་ཀྱི་མུན་སེལ་སྒྲོན་མེ་སོགས་གསུང་པོད་བཅུ་ཕྲག་ལྷག་བཞུགས་པ་སོགས་ཀྱི་བསྟན་འགྲོའི་བཀའ་དྲིན་བླ་ན་མ་མཆིས་པར་བཞུགས་པའི་བཀའ་དྲིན་ནི།  རི་རབ་བས་ཀྱང་ཁུར་ལྕི།  རྒྱ་མཚོ་ལས་ཀྱང་གཏིང་ཟབ།  ས་གཞི་ལས་ཀྱང་རྒྱ་ཆེ་བས།  སྟོང་གསུམ་གསེར་གྱིས་བཀང་ཏེ་ཕུལ་རུང་།  བཀའ་དྲིན་གྱི་ཆ་ཙམ་ཡང་གཞལ་བར་མི་ནུས་ཀྱང་།  མེ་ཏོག་ཆུང་རུང་ལྷ་རྫས་དང་།  གུར་གུམ་ཉུང་རུང་སྨན་རྫས་ཀྱི་དཔེ་བཞིན། མནྚལ་མཚོན་བྱེད་ཙམ་དུ་འབུལ་བ་ལགས་ན།  ཇ་དང་གོས་དར་གྱིས་ཐོག་དྲངས།  སྐུ་ཡི་རྟེན་དུ་གཤེན་ལྷ་འོད་དཀར་གྱི་སྐུ་གཅིག  གསུང་གི་རྟེན་དུ་གཟུངས་ཀུན་འདུས་པ་དུམ་པ་གཅིག    ཐུགས་ཀྱི་རྟེན་དུ་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་གཅིག   གཞན་ཇ་དང་གོས་དར་གྱི་ཐོག་དྲངས་དམངས་སྒོར་སྟོང་ཕྲག་ལྔ་དང་བརྒྱ་དང་བཅུ་གསུམ།  གཞན་ཡང་མ་ཧཱ་པཎྚི་ཏ་སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་མཆོག་གི་ཡང་སྲིད་སྤྲུལ་བའི་སྐུ་མཆོག༧དཔལ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་མཆོག་ནི་ལྷ་དང་བླ་མའི་ལུང་གིས་ཟིན་ཅིང་།  ཚེ་རབས་གོང་མའི་ཐུགས་བསྐྱེད་སྨོན་ལམ་གྱི་སྟོབས་ཀྱིས། རབ་བྱུང་བཅུ་བདུན་པའི་ལྕགས་གླང་ལོར་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་ཨེར་སྟི་སྡེ་བར་ཡབ་ཡུམ་མཚན་ལྡན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  དགུང་ལོ་དྲུག་ནས་ཞང་བོ་དགེ་སློང་བསྟན་འཛིན་དབང་རྒྱལ་གྱི་མདུན་ནས་ཡི་གེ་འབྲི་ཀློག་བསླབས་ཏེ་ཚེགས་མེད་དུ་མཁྱེན།  དགུང་ལོ་བཅུ་དྲུག་གི་སྟེང་དུ་སྡོམ་ཁྲིམས་ཐམས་ཅད་མིག་འབྲས་བཞིན་སྲུང་ཏེ།  ཁྲིམས་གཙང་གཡུང་དྲུང་བློ་གསལ་གྱི་མདུན་དུ་རབ་ཏུ་བྱུང་།  དེ་ནས་དགུང་ལོ་བཅུ་དགུའི་སྟེང་དུ་རེབ་གོང་གསེར་མོ་ལྗོངས་སུ་ཞབས་ཟུང་འཁོར་ལོས་བསྒྱུར་ཏེ།  མཁས་གྲུབ་སྨྲ་བའི་དབང་བོ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་ཞབས་པད་སྤྱི་བོའི་གཙུག་ཏུ་བསྟེན་ཏེ་ཐུན་མོང་རིག་གནས་སྤྱི་དང་།  བོན་ཕྱི་ནང་གསང་གསུམ་གྱི་དབང་ལུང་མན་ངག་ཐམས་ཅད་སྐོམ་པའི་ཆུ་འདོད་བཞིན་དུ་གསན་ཏེ།  ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་མཐིལ་ཕྱིན་མཛད།  གཞན་སྣང་ཞིག་རྒྱ་འོབས་བསྟན་འཛིན་དབང་རྒྱལ།  ངེས་པ་དོན་གྱི་བཤེས་གཉེན་ནམ་མཁའ་ཚུལ་ཁྲིམས།   མདའ་ཆེན་བསམ་འགྲུབ་དགོན་པའི་རྟོགས་ལྡན་བསྟན་འཛིན་ཉི་མ།  རྟོགས་ལྡན་དགོན་གྱི་ཡོངས་འཛིན་བཟོད་པ་རྒྱལ་མཚན་སོགས་སྔ་རྗེས་སུ་བསམ་སྦྱོར་ཚུལ་བཞིན་བསྟེན་ནས།  རང་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་དང་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་ནས་འཇའ་ལུས་ཤར་རྫ་བའི་ལུགས་བཞིན་ལོ་གསུམ་སྒྲུབ་གྲྭའི་བསྙེན་མཚམས་དམ་པོར་སྒོ་གསུམ་བཅར་རྒྱར་བཞུགས་ཏེ།  སྔོན་འགྲོ་འབུམ་དགུའི་བསགས་སྦྱང་།  ཡི་དམ་ཕྱི་ནང་གསང་གསུམ་བསྙེན་སྒྲུབ་རྟགས་ཚད་དང་ལྡན་པ།  མྱུར་ལམ་འཕོ་བའི་གདམས་པ།   ཟབ་མོ་དངོས་གཞིའི་ལྟ་ཁྲིད།  ཐུན་མོང་གཏུན་མོ་ཉམས་ལེན།  རྩ་རླུང་འཁོར་འདས་རུ་ཤན།   བོགས་འདོན་གེགས་སེལ་འཕྲུལ་འཁོར་སོགས་ལ་ཉམས་ལེན་མཐིལ་ཕྱིན་མཛད་དེ།  རྩ་རླུང་ཐིག་ལེ་དྲོད་རྟགས་དང་བྱིན་རླབས་ཐུགས་རྒྱུད་ལ་མངོན་གསུམ་དུ་འཁྲུངས།   གཞན་ཡང་རྟེན་བཞེངས་ཀྱི་ཕྱོགས་ལ་བོན་བརྒྱའི་བླ་བྲང་མཆོག་གསུམ་མཆོད་པའི་རྩེ་མོ་རུ་སྒྲུབ་གྲྭའི་ལྷ་ཁང་རྟེན་དང་བརྟེན་པ་དང་བཅས་པ།  གསེར་ཟངས་ཀྱིས་བརྒྱན་པའི་རྒྱ་ཕིབས་དང་བཅས་དམངས་སྒོར་ཁྲི་ཕྲག་བརྒྱ་ལས་བརྒལ་བའི་འགྲོ་སོང་བཞེས་ཏེ་ཡོངས་སུ་གྲུབ་པར་མཛད།    ཁྱད་པར་དུ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་གི་ས་འཛིན་གསེར་གྱི་རྩེ་མོ་རུ།   ཁོང་གི་ཐུགས་བསྐྱེད་རླབས་པོ་ཆེ་ལ་བརྟེན་ནས། སྤྱིར་ཕན་བདེ་ཀུན་འབྱུང་གནས་ཀྱི་གཞི་མ། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་ཕྱིར་དང་།  བྱེ་བྲག་ཏུ་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ནད་ཡམས་འཁྲུག་རྩོད་ཀྱི་བསྐལ་ངན་ཡོངས་སུ་ཞི་ནས། སྐྱེ་འགྲོ་མཐའ་དག་ཞི་བདེའི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་སྨོན་པ་རྒྱ་ཆེན་དང་། སྒོས་སུ་མདོ་སྨད་རེབ་གོང་ཡུལ་འདིར་མདོ་སྔགས་བཤད་སྒྲུབ་གྱི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པའི་ཆེད་དུ་དམིགས་ནས་ཁོང་གི་རྒྱ་ནག་གི་སློབ་མ་གཡུང་དྲུང་རྒྱལ་མཚན་གཙོ་བྱས་དམངས་སྒོར་ཁྲི་ཕྲག་༤༠༠ལྷག་གི་འགྲོ་གྲོན་བཏང་སྟེ། གསེར་ཟངས་ལས་གྲུབ་པའི་ལི་སྐུ༧རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྐུ་བརྙན་ཁྲེ་ཙེ༥༠ཅན་གྱི་རྟེན་མཆོག་འདི་ཉིད་ལྷ་མིའི་དད་པའི་རྗེས་དྲན་མཚོན་བྱེད་ཙམ་དུ་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་བཞེངས་ནས་གྲུབ་བོ། གཞན་ཡང་སྤྱི་རྟིང་ཀུན་ཁྱབ་གཡུང་དྲུང་གླིང་གི་གསས་ཁང་བསྐྱར་བཞེངས་ལ་སྒོར་ཁྲི་ཕྲག༤༠ཡི་ཞལ་འདེབས་དང་།  ལྷ་སྡེ་སོ་སོའི་གསས་ཁང་བསྐྱར་བཞེངས་ལ་སྒོར་ཆིག་ཁྲི་རེའི་ཞལ་འདེབས་གནང་། གཞན་ཁོང་གི་འཁྲུངས་ཡུལ་མཚོ་ལྷོ་ཨེར་སྟི་སྡེ་བར་བོན་བསྟན་གྱི་ཉག་ཕྲ་བར་དགོངས་ནས་སྟག་ལྷའི་མཆོད་རྟེན་ཞིག་དང་། ཀ་རིང་བཞི་ཅན་གྱི་གསས་ཁང་རྟེན་དང་བརྟེན་པ་དང་བཅས་པ། གཞན་ཡང་དུང་དཀར་དགོན་པ་དང་རྐ་གསར་བོན་མང་། རེབ་གོང་བོན་མང་། རང་དགོན་སྨན་རིའི་གྲྭ་ཚང་བཅས་ལ་མཁན་པོ་དང་ཁྲི་བའི་འགན་བཞེས་ཏེ་དམངས་སྒོར་ཁྲི་ཕྲག་མང་བོས་འགྱེད་མང་ཇ་སོགས་ཚོགས་བསགས་དགེ་སྒྲུབ་ཀྱི་ལས་རྒྱ་ཆེན་པོ་བསགས་དང་གསོག་བཞིན་པ་དང་། གདུལ་བྱ་སློབ་མའི་ཚོགས་ལའང་རང་དགོན་དང་། རེབ་གོང་གི་སྒྲུབ་སྡེ་སོ་སོ་རུ་སློབ་མ་རྣམས་ལ་སྔོན་འགྲོ་ལམ་རིམ་དང་དངོས་གཞི་ཉམས་ལེན།  མྱུར་ལམ་འཕོ་བ་སོགས་གང་ལ་གང་འདོད་དུ་བོན་སྦྱིན་མཛད། ཁྱད་པར་དུ་རེབ་གོང་ཕྱོགས་སུ་རང་ལུགས་ཀྱི་བསྙེན་གནས་དང་སྨྱུང་གནས་ཀྱི་སྲོལ་ཉམས་པར་དམིགས་ནས་ཀུན་མཁྱེན་ཤར་རྫ་བའི་ལུགས་བཞིན་བསྙེན་སྨྱུང་གཉིས་ཀྱི་ཕན་ཡོན་དང་སྡོམ་ལུང་གནང་སྟེ། ཉམས་པ་སླར་གསོ་དང་མ་ཉམས་གོང་དུ་སྤེལ་བར་མཛད། ཁྱད་པར་དུ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཁན་པོ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གིས་ལུང་བསྟན་ཏེ་དམ་པ་ཁྱེད་ནི་རྒྱ་ནག་མ་ཧ་ཙི་ནིའི་ཡུལ་དུ་ལས་འཕྲོ་ཡོད་པས་ཕེབས་དང་། བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེར་འབྱུང་ཞེས་ལུང་བསྟན་པ་བཞིན་དུ་རྒྱ་ནག་ཏུ་ཕེབས་ནས་སློབ་མ་བརྒྱ་ཕྲག་འགའ་ལ་སྔོན་འགྲོ་བསགས་སྦྱང་གི་རིམ་པ་དང་།  དངོས་གཞིའི་ཉམས་ལེན།  མྱུར་ལམ་འཕོ་བ་སོགས་གདམས་ངག་བདུད་རྩི་གང་ལ་གང་འདོད་དུ་སྦྱིན་པ་དང་། གཞན་ཡང་ཀན་ལྷོ་ཐེ་བོའི་ཕྱོགས་དང་།  ཟི་ཁྲོན་མཛོད་དགེ་བོ་བཟོ་ཕྱོགས།  ཟི་ཁྲོན་གཟི་ཚ་སྡེ་དགུའི་ཕྱོགས་སུ་དད་ལྡན་སྐྱ་སེར་སློབ་མ་བརྒྱ་ཕྲག་མང་པོར་དགེ་སྡིག་བླང་དོར་དང་།  སྔོན་འགྲོ་སོགས་ཀྱི་འཆད་ཁྲིད་གནང་སྟེ་འབྲེལ་ཚད་དོན་ལྡན་གྱི་ངང་ནས་བཞུགས་པའི་བཀའ་དྲིན་ནི་སྟོང་གསུམ་གསེར་གྱིས་བཀང་སྟེ་ཕུལ་རུང་། བཀའ་དྲིན་གྱི་ཆ་ཙམ་ཡང་གཞལ་བར་མི་ནུས་ཀྱང་།  མེ་ཏོག་ཆུང་རུང་ལྷ་རྫས་དང་གུར་གུམ་ཉུང་རུང་སྨན་རྫས་ཀྱི་དཔེ་བཞིན་མནྚལ་མཚོན་བྱེད་ཙམ་དུ་ཕུལ་བ་ཡིན་ན། ཇ་དང་གོས་དར་གྱིས་ཐོག་དྲངས་སྐུ་ཡི་རྟེན་དུ་ཤེས་རབ་སྨྲ་བའི་སེང་གེའི་སྐུ་གཅིག  གསུང་གི་རྟེན་དུ་རྣམ་པར་རྒྱལ་བའི་གཟུངས་ཆེན་དུམ་པ་གཅིག    ཐུགས་ཀྱི་རྟེན་དུ་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་གཅིག གཞན་ཇ་དང་གོས་དར་གྱིས་ཐོག་དྲངས་དམངས་སྒོར་སྟོང་ཕྲག་བཞི་དང་བཅས་པ། བོན་མང་རིག་འཛིན་འདུས་པ་རྒྱ་མཚོའི་ཕྱག་ཏུ་དམངས་སྒོར༦༠རེ་དང་། གོ་སྐལ་མར་སྐལ་རྩམ་སྐལ་གུང་ཚིགས་དང་བཅས་པ་ཕུལ་བའི་བསོད་ནམས་ལ་བརྟེན་ནས། རྒྱལ་བ་གཤེན་གྱི་རིང་ལུགས་དྲི་མ་མེད་པ་བོན་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་ནས་ཕྱོགས་སུ་དར་ཞིང་རྒྱས་པ་དང་།  དཔོན་གསས་བླ་མའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། མཛད་འཕྲིན་ནམ་མཁའི་མཐའ་དང་མཉམ་པ། བོན་མང་རིག་འཛིན་འདུས་བ་རྒྱ་མཚོ་བརྒྱ་དང་སྟོང་དུ་འཕེལ་བའི་སྐྱབས་འཇུག  བདུད་སྲིན་གྱི་དམོད་པ་དང་། མུ་སྟེགས་ཀྱི་སྡེ་ཚོགས་ཐམས་ཅད། བྱེ་མའི་ཕུང་བོ་བཞིན་དུ་ཐལ་བ་རྡུལ་དུ་བརླགས་ནས་བདེ་སྐྱིད་ཀྱི་ཉི་མ་དགུང་ནས་ཤར་བ་དང་ཕན་བདེ་ཡི་ཟླ་བ་ལེགས་པར་ཚེས་བ་དང་། ཁྱད་པར་དུ་སེམས་བསྐྱེད་པའི་སློབ་དཔོན་དང་ལུས་བསྐྱེད་པའི་དྲིན་ཆེན་ཕ་མ། དམ་ཚིག་གཅིག་པའི་མཆེད་གྲོགས་དང་།  ཤ་ཁྲག་ཟོས་པའི་སེམས་ཅན་དང་། འོ་ཞོ་འཐུང་བའི་བ་འབྲི་དང་།  བཀོལ་སྤྱོད་བྱས་པའི་དུད་འགྲོ་དང་།  ཞོར་ལ་ཤི་བའི་སྲོག་ཆགས་དང་།  ཁྱད་པར་དུ་བདག་གི་དྲིན་ཆེན་ཕ་མ་གཉིས་གཙོ་བྱས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་རྣམས་ངན་སོང་གསུམ་གྱི་འཇུག་སྒོ་ཁེགས་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་སྐྱབས་འཇུག   མདོར་ན་བདག་གི་ཁྱིམ་གཞི་དང་། བདག་ལ་འབྲེལ་ཐོགས་ཡོན་བདག་རྣམས་གཙོ་བྱས༼ཀོས་ནན་རྫོང་མགོ་མང་བོན་སྐོར་སྡེ་བའི་ཁྱི་ལོ་ཐར་ཚང་། ཚེ་རྦ་ཚང་།  གཡང་བྱམས་རྒྱལ་ཚང་། སྟོང་སྐོར་ཡང་ཏོས་སྡེ་བའི་དཔལ་མགོན་རྒྱལ་ཚང་། འཕགས་ཏེ་ཚང་། ཨ་ཁ་ཚང་། བོན་སྐོར་སྡེ་བའི་ཀླུ་ཐར་འབུམ་ཚང་།  ཚེ་བརྟན་ཆེ་ཚང་། དགེ་འདུན་རྒྱ་མཚོ་ཚང་། ཚེ་བརྟན་ཆུང་ཚང་། ཀུན་པ་ཚང་དང་བསྟན་ཐར་ཚང་། ལྕགས་བྱམས་ཚེ་རིང་ཚང་། སྟོང་སྐོར་སྡེ་བའི་རྡོ་ཁོ་ཚེ་རིང་ཚང་དང་བཙན་སྐྱོང་ཐར་ཚང་། འབུམ་རྩེ་རྒྱལ་ཚང་། ཁ་རྒྱ་ཚང་། ནོར་བུ་རྒྱལ་ཚང་། ཀླུ་འབུམ་བཀྲ་ཤིས་ཚང་། ཆོས་རྩ་སྡེ་བའི་ལྕགས་ལོ་ཚང་། ཞི་མོ་ཐར་ཚང་། གནམ་མཚོ་རྒྱལ་ཚང་།   ཟི་ཁྲོན་མཛོད་དགེ་བོ་བཟོའི་ཚེ་རིང་འབྲུག་ཚང་དང་དབང་ཕྱུག་ཚང་། མཚོ་ལྷོ་ཨེར་སྟི་སྡེ་བའི་འབྲུག་མོ་སྐྱིད་ཚང་གཤེན་བཟའ་སོགས་དང་བདག་ལ་འབྲེལ་ཆེ་ཐོགས་ཆུང་ཐོགས༽ ཤ་ཉེ་རིང་གི་སྤུན་ཟླ་མིང་སྲིང་རྣམས་དང་ཕྱི་སྡེ་བ། ནང་ཚོ་བ། གཞན་ཁབ་དང་སྐུད་པའི་འབྲེལ་ཐོགས་རྣམས་ལ་གནས་སྐབས་སུ་ལྷ་ཡུལ་ལྟ་བུའི་བསོད་ནམས་ཆེ་དགོས ཀླུ་རྒྱལ་ལྟ་བུའི་འབྱོར་ཕྱུག་ལྡན་དགོས  ཆུ་རྒྱུན་ལྟ་བུའི་ཚེ་ཐག་རིང་དགོས། ལྗོན་ཤིང་ལྟ་བུའི་འདབ་ལག་རྒྱས་དགོས། འབྲུག་སྒྲ་ལྟ་བུའི་སྙན་གྲགས་རྒྱས་དགོས། ཕྱི་ནང་ཐམས་ཅད་རྒྱུ་ཡིས་བཀང་དགོས། གོ་ཁ་གྲུ་བཞི་བུ་ཡིས་བཀང་དགོས།  མི་ལ་མི་འདོད་པའི་ན་ཚ། ཕྱུགས་ལ་མི་འདོད་པའི་གོད་ཁ། བརྒྱ་ཡི་མི་ཁ། སྟོང་གི་བྲམ་མཆུ། ཆགས་རྐྱེན་ཉམས་ང་། དགྲ་ཇག་རྐུན་གསུམ། བྱད་ཕུར་རྦོད་གཏོང་། མི་ཁ་གླེང་གཞི་ཐམས་ཅད་སྲུང་མ་མ་བདུད་བཙན་གསུམ་གྱིས་མི་མངོན་པའི་དབྱིངས་ནས་མིང་གི་ལྷག་མ་ཙམ་ཡང་མེད་པར་ཟློག་པའི་སྐྱབས་འཇུག  མཐུན་པའི་རྐྱེན་དུ་གྱུར་བའི་ཚེ་དང་བསོད་ནམས། རིགས་རྒྱུད་མངའ་ཐང་། ལས་ཀླུང་འབྱོར་བ་ཐམས་ཅད་དབྱར་གྱི་མཚོ་མོ་བཞིན་དུ་རྒྱས་པ་དང་། མཐར་ཐུག་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་པའི་སྐྱབས་འཇུག་ཡང་དག་པ་ཞུ་ཞུ།

        ཞེས་བོད་མེ་བྱ་ལོའི་སྤྱི་ལོ༢༠༡༧ལོའི་ཟླ༡ཚེས༣ཉིན། བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་བླ་མ་ཁྲི་བའི་མིང་ཙམ་འཛིན་པ་དྲུང་མུ་ནས་ཆེད་དུ་མནྚལ་འབུལ་བཤད་དུ་བྲིས་པ་དགེའོ།།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།