མི་རྟག་སྒྱུ་མའི་ཀློང་གི་རང་གཟུགས།

 

རྩོམ་པ་པོ།    ཁྲི་བློ་རྩེ།


འཇིག་རྟེན་ནི་སྟོང་བའི་ཁམས་རེད།།
སྣང་བ་ནི་སྒྱུ་མའི་གཟུགས་རེད།།
རྟག་སྣང་གི་མཐའ་ན་རྩེན་པའི།།
ཚོར་མེད་ཀྱི་ཀློང་ན་ལྷགས་ཡོད།།

ལྟ་བ་འདི་བློ་ལས་འདས་པ།།
རྒྱལ་བ་ཀུན་དགོངས་པ་མཐུན་ཀྱང་།།
བསམ་མེད་ཀྱི་སྨྱོན་པ་འགའ་ཡང་།།
ཁོ་བོ་དང་ལྷན་ཅིག་གནས་ཡོད།།

སྔོན་བསགས་ཀྱི་དགེ་བའི་ལས་དེས།།
དམ་པ་ཡི་དྲུང་དུ་བཞག་ཡོད།།
བརྩོན་སེམས་ཀྱི་དམ་བཅའ་ལྷོད་པས།།
ཤེས་རིག་གི་ཕ་མཐར་མ་སོན།།

གཞོན་ནུ་ཡི་བུམ་པའི་སྐུ་དེ།།
རང་སེམས་ལས་གཞན་ན་མེད་མོད།།
ཉོན་ཤེས་ཀྱི་ངོ་བོ་མཐུག་པས།།
ཀུན་བཟང་གི་རང་ཞལ་མ་མཐོང་།།

མི་སེམས་འདི་ལ་ཁའི་རླུང་རེད།།
མི་ལུས་འདི་རྩྭ་འཇག་རྐང་རེད།།
འཕྱོ་སྟངས་ལ་ངེས་པ་མེད་པས།།
གར་འགྲོ་འདི་རང་ལ་མ་དབང་།།

དཀོན་མཆོག་ནི་སྐྱབས་ཀྱི་གནས་རེད།།
དད་འདུན་ནི་ནམ་མཁའི་འཇའ་རེད།།
གདོན་བགེགས་ནི་སེམས་སུ་ཞུགས་པས།།
བཙུན་པ་ཡི་རང་གཟུགས་འགྱུར་ཡོད།།

གཏི་མུག་གི་མུན་པ་འཐིབ་པས།།
འདོད་ཆགས་ཀྱི་ཤྭ་འོད་རྒྱས་སོང་།།
ཞེ་སྡང་གི་མེ་ཕུང་མཆེད་པས།།
མཁན་པོ་ཡི་མིང་ཡིག་སྤུར་ཡོད།།

ཕྱི་ལུས་འདི་གཟན་གྱིས་བཏུམས་ཀྱང་།།
ནང་སེམས་འདི་དུག་ལྔའི་སྣོད་ཡིན།།
བྱམས་སྙིང་གི་ཐབས་དེ་དབེན་པས།།
དགེ་བཤེས་ཤིག་ཁྱོན་ནས་མ་རེད།།

ཤེས་རྟོག་གི་དབལ་སོ་གཉོམ་པས།།
གཞུང་ལུགས་ཀྱི་སྒྲོ་འདོགས་མ་ཆོད།།
ཕན་སེམས་ཀྱི་སྒུལ་ཤུགས་ཟད་པས།།
དགེ་རྒན་གྱི་མཚན་ཉིད་མི་སྣང་།།

ལྟོས་ཚོད་ལ་གདུག་རྩུབ་མངོན་ཡོད།།
སྤྱོད་པ་ལ་མངོན་ལྐོག་གཉིས་ཡོད།།
ཁ་གསག་དང་གཞོགས་སློང་ཁྲོད་ནས།།
གཞོན་ནུ་ཡི་ལང་ཚོ་རྫོགས་སོང་།།

འབྱུང་རྒན་གྱི་ཐན་སྐད་སྒྲོག་དུས།།
བྱ་རྒོད་ཀྱི་སྐྱེས་པ་བླངས་ཡོད།།
ཤ་རྡོག་ཅིག་ཡིད་ལ་བཟུང་ནས།།
ཚད་མེད་ཀྱི་ལས་ངན་བསགས་ཡོད།།

ཁ་བཤད་ཀྱི་སྐད་ཆ་ཡོད་ཚད།།
བསྟན་པ་དང་འགྲོ་བའི་བདེ་སྡུག།
ཞེ་ཕུགས་ཀྱི་བསམ་པའི་འཆར་སྒོ།
འབྱོར་ཕྱུག་དང་དབང་ཐང་ཁོ་ན།།

ཤི་བོ་ཡི་བདུན་ཚིགས་སྐབས་སུ།།
ཡིད་སེམས་སུ་མི་དྲན་དགུ་དྲན།།
བར་སྲིད་ཀྱི་དྲན་ཤེས་རྒོད་པས།།
སྐྱབས་གནས་ཤིག་དོན་གྱིས་ཡོང་མེད།།

རྔོན་པ་དང་ཤན་པའི་སྐྱེས་པ།།
མ་བླངས་ཀྱང་ལས་ཀ་གཅིག་རེད།།
བསླབ་ཁྲིམས་དེ་ཡལ་བར་དོར་བའི།།
བཙུན་གཟུགས་དེས་ཅི་ཞིག་བྱའོ།།

ཁ་ཟས་འདི་ཤི་ཟས་དད་ཟས།།
རྒྱབ་གོས་ཀྱང་འབད་མེད་ལོངས་སྤྱོད།།
དམིགས་མེད་ཀྱི་ཉམས་ལེན་མེད་པས།།
ཐར་བ་དེ་གང་གི་གང་རེད།།

གཞི་དབྱིངས་ཀྱི་རང་འབྱུང་ཡེ་ཤེས།།
སྒོམ་པ་ལ་འབད་ཀྱང་མ་མཐོང་།།
མ་སྒོམ་ཀྱང་ངང་གིས་འཆར་བ།།
འཁོར་བ་ཡི་སྲིན་མོའི་ཕུན་ཚོགས།།

སྔོན་ལས་ཀྱི་རྟེན་བཟང་འདི་ལ།།
ཉེས་པ་འདི་མི་བསགས་དགུ་བསགས།།
དམྱལ་བ་ལས་སྐྱེས་ས་མེད་ཀྱང་།།
འགྱོད་པ་དང་ཕངས་སེམས་མ་གྲུབ།།

དྲང་བདེན་གྱི་ལྷ་ཞིག་ཡོད་ན།།
ངག་རིག་གི་དབྱངས་ཀྱིས་མཆོད་ཡོད།།
གྲྭ་རྐྱང་གི་ཕྱི་མིག་ཁྲོད་ནས།།
དོན་གཏམ་ཞིག་སེམས་ཀྱིས་གླེང་སོང་།།

༢༠༡༧ ,༦ ,༡༣ ཉིན་བྲིས།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།