རྗེས་དྲན་དད་པའི་མཆོད་ཕྲེང་།།

 

རྗེས་དྲན་དད་པའི་མཆོད་ཕྲེང་།།

 


རྒྱལ་ཀུན་མཁྱེན་པའི་ཡོན་ཏན་དཔལ་རྫོགས་བླ་མའི་བླ་མ་སྨན་རི་བ།།
མཆོག་གི་སྐུ་ཉིད་མངོན་དགའི་ཞིང་ན་ཡེ་ནས་གཤེགས་བཞུགས་མ་མཆིས་ཀྱང་།།
རྟག་འཛིན་འབངས་རྣམས་རྗེས་སུ་བཟུང་ཕྱིར་མི་རྟག་སྒྱུ་མའི་འདུ་བྱེད་ཀྱིས།།
གྱ་དགུར་བཞེས་ནས་གཟུགས་སྐུ་མཚན་དཔེ་གཞི་ཡི་ཀློང་དུ་ལྷོད་དེ་བསྡུས།།


རྣམ་འདྲེན་སྟོང་གི་བོན་སྒོ་ཕྱི་ནང་ཐུགས་ཀྱི་དཔལ་དབེའི་མཛོད་དུ་བལྟམས།།
ཐུགས་བསྐྱེད་བླ་མེད་འཁོར་ལོའི་ཤུགས་ཀྱིས་ཕན་བདེའི་འཕྲིན་ལས་མཁའ་མཐར་ཁྱབ།།
མཉམ་མེད་བླ་མའི་ཐུགས་སྒམ་གྲུབ་པའི་སྐྱབས་རྗེ་ལྷ་གཅིག་སྨན་རི་བ།།

གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་ས་གསུམ་བླ་མ་རྗེས་སུ་དྲན།།


ལེགས་མཛད་འཕྲིན་ལན་ཕྱོགས་བརྒྱར་སྤེལ་མཛད་སྲིད་པའི་སྐྱབས་གཅིག་སྨན་རི་བས།།
མི་མཇེད་ཞིང་ན་བཤད་སྒྲུབ་བསྟན་པ་མཁའ་མཉམ་འགྲོ་བའི་དཔལ་དུ་བརྡལ།།
བསྟན་འཛིན་བུ་སློབ་གསེར་རི་ཕྲེང་ལྟར་རྒྱལ་ཁམས་གོང་བའི་མཛད་ཆེན་སྐྱོངས།།
རྒྱལ་བསྟན་པད་མའི་གཉེར་དུ་བཞེངས་པའི་ངེས་དོན་བླ་མ་རྗེས་སུ་དྲན།།


དུས་འགྱུར་སྙིགས་མའི་རྩུབ་རླུང་ཁྲོད་ནས་བསྟན་པའི་རྒྱལ་མཚན་མཁའ་རུ་བསྒྲེངས།།
མཁའ་དང་མཉམ་པའི་ཐུགས་དགོངས་ཟབ་མོས་བཤད་སྒྲུབ་ཉི་ཟླ་སྲིད་རྩེར་དྲངས།།
ཐབས་ཤེས་ཟུང་གིས་སྤྲིན་ཚོགས་བསྡུས་ཏེ་ལེགས་བཤད་བདུད་བརྩིའི་སྦྲང་ཆར་ཕེབས།།
སླར་ཡང་བསྟན་པའི་མེ་རོ་གསོ་མཁན་འཛམ་གླིང་བླ་མ་རྗེས་སུ་དྲན།།


ལུང༷་རྟོགས༷་རྒྱ་མཚོའི་དཀྱིལ་འཁོར་གསལ་བྱེད་སྨྲ་བའི་སེང་གེ་སྨན་རི་བས།།
བསྟན༷་པ༷འི་དོན་ཆེན་ཕྱག་རྗེས་རི་མོ་འཛམ་བུ་གླིང་ན་མངོན་པར་གསལ།།
ཉི་༷མའི༷་འཕྲིན་ལས་སྟོང་སུམ་ཁྱབ་པས་ལྷ་བཅས་འགྲོ་བའི་བློ་མུན་འཇོམས།།
སྐྱེ་དགུ་འགྲོ་བའི་འདྲེན་པ་ཆེན་མོ་སྐྱབས་རྗེ་དམ་པ་རྗེས་སུ་དྲན།།

 

མཚན་དཔེའི་སྐུ་མཆོག་ཞི་བར་གཤེགས་ཀྱང་རླབས་ཆེན་མཛད་རྣམ་སྣང་སྲིད་གསལ།།
སྤྲོས་བྲལ་བོན་དབྱིངས་དགོངས་པ་གནས་ཀྱང་ཀུན་སྙོམས་ཐུགས་རྗེ་འགྲོ་ཀུན་ཁྱབ།།
བསྟན་འགྲོའི་འཕྲིན་ལས་རེ་ཞིག་བསྡུས་ཀྱང་སྐུ་དྲིན་ཕྱག་རྗེས་རྒྱ་ཁམས་བཀང་།།
སྐུ་བརྙན་དད་པའི་ཞིང་ན་བཏེགས་ཏེ་གཙུག་རྒྱན་མཁན་པོ་རྗེས་སུ་དྲན།།


འཛམ་བུ་གླིང་གི་གསེར་གྱི་ཉི་མ་ནུབ་མཐར་བཞུད་པས་སྐྱོ་གདུང་དེས།།
ལྷ་དང་བཅས་པ་འགྲོ་ཀུན་མ་ལུས་སྡུག་གི་རྒྱ་མཚོ་དྲག་ཏུ་གཡོས།།
རྗེས་འཇུག་བུ་སློབ་སྐྱོ་བའི་རླབས་རིས་སྲིད་པའི་མཁའ་རུ་ཤུགས་ཀྱིས་འཕྱུར།།
མཚུངས་མེད་ཟླ་བྲལ་དྲིན་ཆེན་བླ་མ་སྒོ་གསུམ་དད་པས་རྗེས་སུ་དྲན།།


བསྟན་འགྲོའི་དོན་ལ་འོ་རྒྱལ་ཆེ་བའི་བཀའ་དྲིན་ཟབ་པའི་བླ་མ་ལྷས།།
ཐུགས་བསྐྱེད་འཛུམ་དཀར་འགྲོ་ལ་གཟིགས་ཏེ་མི་མཇེད་ཞིང་གི་མཆོད་གནས་སུ།།
མགོན་ཁྱེད་སྐྱེས་རབས་ཕྱི་མའི་རྒྱས་སྲས་ཁྱེད་བཞིན་འབྱོན་པ་ཐུགས་བརྩེས་མཁྱེན།།
བསྟན་དང་འགྲོ་ལ་བཀའ་དྲིན་ཆེ་བའི་རྒྱས་སྲས་སེམས་དཔའ་རྗེས་སུ་དྲན།།

 

སྐྱེ་དགུ་འགྲོ་བ་ལྷ་དང་བཅས་པའི་སྐྱབས་ཡུལ་དམ་པ་གྱུར་པ་ས་གསུམ་ན་འགྲན་ཟླ་མེད་པ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་བདག་པོ་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་སུམ་པ་མཚན་བརྗོད་པ་དཀའ་བ་༼. . མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་༽… སྐུ་ཡི་བཀོད་པ་བོན་དབྱིངས་སུ་བསྡུས་སྐབས་སྐུ་པར་བྱིན་རླབས་ཆར་འབབས་མདུན་དུ་མྱ་ངན་རྗེས་དྲན་འདི་ཀོ་བཙུན་ཚེ་དབང་བློ་གསལ་ནས་སྒོ་གསུམ་དད་པས་ཕྱག་བཤགས་ཕུལ་ནས་བྲིས་སོ།།

 

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།