གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་མཉམ་བྲིས་སྙན་ངག

༢༠༡༧ལོའི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་ཨང་དང་པོའི་སུམ་བཟང་བྱ་དགའ་ཐོབ་མཁན་ས་ལམ་གོང་མའི་འཛིན་གྲྭ།

 

༼    མཉམ་བྲིས་སྙན་ངག  ༽

 

སུམ་ལྡན་ལ་བསྟོད་དབྱངས་སུ་ཕུལ།

འཆད་པའི་འགྲན་ཟླ་བྲལ་བའི་སློབ་གྲོགས་ལ།།
རྩོད་པའི་རྨོངས་མུན་སེལ་བའི་ཤེས་རབ་འཁྲུངས།།
རྩོམ་པའི་སྙན་ཤིང་འཇེབས་པའི་ཡིད་འགུག་མཁན།།
སུམ་ལྡན་སློབ་གྲོགས་ཡོངས་རྫོགས་ངོ་མཚར་ཆེ།།

རྣམ་དཔྱོད་རྩོད་པ་ཀུན་ལས་ཁྱད་དུ་འཕགས།
ཀུན་སྤྱོད་ཡིད་འོང་ལྷ་ཡི་མཆོད་གནས་གྱུར།།
གཤིས་ཀ་འཇམ་པོའི་འོད་སྣང་དྲོད་ཁོལ་ལྡན།།
སུམ་ལྡན་སློབ་གྲོགས་ཡོངས་རྫོགས་ཨེ་མ་རྨད།།

ལི་ཤེས་རིག་དཔའ་རྒོད།

སུམ་ལྡན་དཔའ་བོར་བསྟོད།

དམར་སེར་ངུར་སྨྲིག་དལ་འབྱོར་རིན་ཆེན་རྟེན།།
གུ་ཡངས་རྒྱང་མཐོང་བསམ་པའི་བློ་སྟོབས་ཀྱིས།།
འཆད་ཉན་བརྩོན་འགྲུས་ཐོས་བསམ་གྲུབ་འབྲས་སུ།།
སུམ་ལྡན་བྱ་དགའ་ཐོབ་པའི་དཔའ་བོར་བསྟོད།།

སྐལ་བཟང་བློ་གྲོས།

 

སུམ་བཟང་བཅོ་ལྔའི་ཟླ་བ་ཚེས།

ཡ་རབས་སྤྱོད་བཟང་གཡུང་དྲུང་སྤུན་མཆེད་རྣམས།།
རང་མོས་ཤེས་རབ་ནུས་སྟོབས་སྦྱང་བརྩོན་མཐུས།།
གངས་ལྗོངས་སློབ་གླིང་བཤད་སྒྲུབ་འདུས་སྡེ་རུ།།

སུམ་ལྡན་དུས་བཟང་བཅོ་ལྔའི་ཟླ་བ་ཚེས།།

མི་ཉག་ཡེ་ཤེས་བསྟན་འཛིན།

 

བཟང་པོ་སུམ་འཛོམས།

ད་ལོ་བསྐལ་བཟང་གི་ཉིན་མོ་འདི་ལ།།
སུམ་བཟང་སློབ་མ་ཡི་གཟེངས་རྟགས་ཐོབ་ནས།།
ཤེས་རིག་གླིང་ག་རུ་མཛད་རྗེས་བསྟོད་བཞིན།།
བཟང་པོ་སུམ་འཛོམས་ལ་རྟེན་འབྲེལ་ཞུའོ།།

ཚུལ་ཁྲིམས་མཐར་ཕྱིན།

 

ཁྱེད་དང་ང་ཡི་གཟི་བརྗིད།

སྟེས་དབང་ལས་ཀྱིས་གྲུབ་པའི་སློབ་གྲོགས་ཚོ།།
གནས་ལྔའི་ཞིང་ས་མ་ཡུམ་སློབ་གླིང་ནས།།
ལང་ཚོའི་མེ་ཏོག་འདབ་མའི་མཁོ་ལག་རྒྱས།།
འདས་པའི་ལོ་ཟླ་གླེགས་བམ་གསེབ་དུ་ཐིམ།།

རྣམ་ཤེས་འཁྱམ་པོར་རིག་པའི་རྫུ་འཕྲུལ་འབུས།།
སློབ་ཚོགས་བརྒྱ་ཕྲག་དུ་མའི་དབུས་དཀྱིལ་ནས།།
སུམ་འཛོམས་བྱ་དགའི་མདུན་ལམ་བཀྲིས་པ་འདི།།
ཁྱེད་དང་ང་ཡི་གཟི་བརྗིད་གཡུང་དྲུང་ངང་།།

མཁས་གྲུབ་རྒྱ་མཚོ།

 

སྙིང་ཉེ་བའི་འཛིན་གྲོགས་ཚོ། རྟེན་འབྲེལ་གྱི་ཁ་གཡང་ང་ཚོར་དབང་།

དང་པོ་སྐྱེས་པའི་གནས་ཡུལ་མི་གཅིག་སོ་སོའི་ཡུལ་ནས་འཚར་ལོངས་བྱུང་།།
བར་དུ་དམིགས་བྱའི་ཕུགས་འདུན་གཅིག་པའི་ས་མཐའི་ཡུལ་དུ་གྲོགས་སུ་གྱུར།།
ཡང་དག་རྒྱལ་བའི་གཞུང་ལུགས་ཟབ་མོར་ཐོས་བསམ་གཙང་མ་མཉམ་དུ་བྱས།།
རྟེན་འབྲེལ་སྟེས་དབང་གང་མང་འཛོམས་ནས་ད་ལོ་སུམ་བཟང་སློབ་མར་གདམས།།
དེ་ཡང་ང་ཚོས་དམིགས་བྱའི་དོན་ལ་འབད་འབུང་བརྩོན་འགྲུས་བྱེད་པར་མཚོན།།
སྙིང་གི་འཛིན་གྲོགས་གཅེས་ལོ་ཁྱེད་ཚོར་རྟེན་འབྲེལ་སྟོང་གི་ཁ་གཡང་འབོད།།

རྩེ་འོད་སྣང་།

བཀའ་དྲིན་ཚད་མེད་ཞུ།

ཤེས་རབ་མེ་ལྟར་འབར་བའི་སློབ་གླིང་ན།།
རྣམ་དཔྱོད་རིགས་པའི་རྩལ་ལས་བང་འདྲེན་པས།།
སུམ་བཟང་བྱ་དགའ་ཐོབ་པའི་འོད་ལམ་དུ།།
དཀར་གསལ་འོད་ཀྱི་ངུར་སྨྲིག་རྒྱན་དུ་སྤྲས།།

བདག་ཅག་སྲིད་པའི་མ་རིག་མུན་སེལ་བའི།།
མཁས་པ་ཡོན་ཏན་རྨོངས་ལ་དད་པ་ཡིས།།
འཆད་པའི་ཡོན་ཏན་བརྗོད་པའི་རྒྱལ་ཁ་བླངས།།
སྐྱབས་སུ་འགྲོ་བའི་འཛིན་གྲོཊ་ཁྱེད་ཚོ་འདུད།།

ཚེ་དབང་ནོར་བུ།

 

སློབ་གྲོགས་དམ་པ།

དྲིན་བརྗོད་དུ་མི་ཤེས་པའི་དགེ་རྒན་རྣམ་པ་དང་།།
ཕན་ཚུན་བརྩེ་སེམས་ལྡན་པའི་སློབ་གྲོཊ་དམ་པ་དང་།།
མ་ཡུལ་སློབ་གླིང་འདི་ན་འཛོམས་པ་ངའི་བསོད་ནམས་ཡིན།།
ལྷག་ཏུ་སུམ་བཟང་བྱ་དགའ་ཐོབ་པ་རྟེན་འབྲེལ་ཞུ།།

གཡུང་དྲུང་འོད་གསལ།

 

བཀའ་དྲིན་ཆེ་དགེ་རྒན་ཚོ། ཐུགས་རྗེ་ཆེ་སློབ་གྲོགས་ཚོ།

དྲིན་ལན་གཞལ་ཐབས་མེད་པ་དང་རང་དབང་རྒྱལ་སྲས་ཀྱི་ཞིང་ཁམས་སུ་འོད་སྣང་བསྐྲུན་པས་བདག་གི་དགེ་རྒན་ཚོ་ལ་བཀའ་དྲིན་ཆེ་དྲིན་ཕ་མ་གཅིག་གི་སྤུན་དང་འདྲ་བའི་འཛིན་གྲོགས་ཚོ་ལ་རྟེན་འབྲེལ་ཞུ།

བདག་གི་ཁྱེད་ཚོ་ལ་སྐུ་ཚེ་རྒྱལ་མཚན་བརྟན་པ་དང་ལུས་ལ་ནད་མེད་པས་གསོལ་བ་འདེབས་བཞིན་ཡོད་ནམ་ཡང་ཁྱེད་ཚོ་ལ་རྟེན་འབྲེལ་ཞུ་བ་དང་མ་ཡུམ་སློབ་གླིང་གི་དགེ་རྒན་ཚོ་ལ་སྐུ་དྲིན་ཞུ་བཞིན་ཡོད།

ཏག་ཏག་བཤད་ན་མི་ཞིག་གསོ་སྐྱོང་བྱེད་རྒྱུ་ནི་དེ་འདྲའི་ལས་སླ་བོ་ཞིག་ག་ལ་ཡིན་སློབ་གྲོགས་ཚོ་གལ་ཏེ་མ་ཡུམ་སློབ་གླིང་འདིར་དགེ་བའི་བཤེས་གཉེན་ཚོ་མེད་ཚེ་ང་ཚོ་ས་ལམ་འཛིན་གྲྭ་ཚང་ལ་དེ་རིང་གི་སུམ་བཟང་སློབ་མའི་བྱ་དགའ་ཨང་དང་པོ་ཐོབ་པའི་ཉི་མ་ཞིག་ག་ལ་ཡོད་སྲིད།

རང་དབང་རྒྱལ་སྲས།

 

ངོ་མཚར་ལ།

མྱི་ལོ་དུ་མ་ཞིག་གི་རིང་ལ་འཇིག་རྟེན་གྱི་འཚོ་བ་ནི།
སྐྱིས་སྡུག་འདྲེས་མའི་རྣམ་ཐར་ཞིག་རེད།
དེ་རིང་རྒྱང་རིང་གི་རྨི་ལམ་སྐྱ་བོ་ལ།
དེ་རིང་ཡང་མཇལ་དུ་ཡོང་གིན་འདུག
དེ་རིང་།
བདེ་སྐྱིད་ཀྱི་དྲོན་ཁོལ་བཞིན།
ཉིན་འདི་ང་ཚོ་ལ་བཀྲ་ཤིས་པའི་སྒོ་འབྱེད་དང་།
བདེ་སྐྱིད་སྤྲིན་པའི་སྐར་ཚོགས་ལ།
ངོ་མཚར་བ་ཡིད་དུ་འོང་སོང་།
ད་དུང་།
ཁྱེད་ཚོས་རྟོག་གམ།
ང་ཚོ་ནམ་རྒྱུན་ཚོར་བའི་ཁྲོད་ནས་ལྡོག་ཏུ་མེད་ལ།
བཀྲ་ཤིས་པའི་དུས་སྟོན་བཟང་།
ཡང་ན་དོན་མི་འགྲུབ་པའི་སྔ་བལྟས་ཤིག་ག་ལ་ཡིན།

གྲུ་གསུམ་མིག་ནག

 

རྟེན་འབྲེལ་མཆོད་པའི་མེ་ཏོག

 

རྣམ་དཔྱོད་ལུས་རྩལ་མཁའ་ལ་ལྡིང་བའི་ཁྱུང་ཆེན་རིག་པའི་གཤོག་ཟུང་རྒྱས།།
གཞུང་ལུགས་ཟབ་མོ་དབྱངས་ལ་བཀུག་ནས་སྙན་མོ་ངག་གི་མཆོད་པ་ཕུལ།།
བགྲང་བྱ་དུ་མ་ཚད་གཞི་ལྡན་པས་ཤེས་རིག་གླིང་དུ་ཕུལ་བྱུང་ཐོབ།།
ད་ལོ་བསྐལ་བཟང་ཚེས་བཟང་ཞིག་ལ་སུམ་བཟང་སློབ་མའི་ཆོ་ལོ་བསྐུར།།
རིན་ཐང་ཆེ་བའི་རྒྱལ་ཁའི་དཔང་རྟགས་འཁོར་ཚོགས་རྒྱ་མཚོའི་དཀྱིལ་ནས་བླང་།།
ཁྱད་ཆོས་སུམ་ལྡན་སློབ་བུའི་ཚོགས་ལ་རྟེན་འབྲེལ་མཆོད་པའི་མེ་ཏོག་འཐོར།།

གཡང་ཟླ་ཕུར་འཕྲིན།

 

སློབ་གྲོགས་ཚོའི་ངོ་སོ་བསྟོད།

ལས་བཟང་པོ་ཞིག་གི་དལ་འབྱོར་ཐོབ་ནས།།
རྒྱུ་ལེགས་པོ་ཞིག་གི་མཉམ་དུ་འཛོམས་སོང་།།
རྐྱེན་ཡག་པོ་ཞིག་གི་གྲོགས་སུ་གྱུར་ནས།།
ངོ་མཚར་བའི་གཟི་བརྗིད་མཁའ་ལ་སྒྲེང་བ།།
སུམ་བཟང་བའི་སློབ་མའི་རང་གཤིས་ཡིན་ནོ།།

ནམ་མཁའ་འབུམ།

 

ཡང་འདི་ནས་ཆེད་དུ་བཤད་འདོད་པ་ནི་བསམ་གཞིག་དང་གཏམ་བཤད་འགའ།

རེ་བ་གསེར་ནག་གི་རི་མོ་བྲིས་ཏེ།།
ཤེས་རིག་ལོ་ཏོག་གི་ལང་ཚོ་སྨིན་ཞིང་།།
རྣམ་དཔྱོད་བརྩོན་འགྲུས་ཀྱི་བང་ཁ་མཉམ་པའི།།
ན་གཞོན་རིགས་སྨྲ་བའི་ཁྱུ་ལ་བསྟོད་འོས།།

ལོ་ཟླའི་དུས་ཚིགས་ཀྱི་འགྱུར་བག་ཁྲོད་ནས།
ལྷ་ཆོས་གླེགས་བམ་གྱི་ཉིན་སྲིབ་ཁྲོད་དུ།།
འབད་འབུངས་ཐུགས་སྟོབས་ཀྱི་རིག་པ་རྒྱས་པའི།།

སྙིང་གི་གྲོགས་མཆོག་རྣམས་ཡང་རྩེར་སོན་པ།།

སྐལ་བཟང་།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།