རྗེ་རིན་པོ་ཆེའི་མཛད་རྣམ་སྒྲིབ་གཉིས་སྐྱོན་དང་བྲལ་བའི་བསྟོད་ཕྱག་བྱིན་རླབས་ཆར་བབས་ཞེས་བྱ་བ་བཞུགས་སོ།

བླ་མ་དང་ལྷག་པའི་ལྷ་ལ་སྒོ་གསུམ་དད་པས་ཕྱག་འཚལ་ལོ།།

རྩོམ་པ་པོ། ཀོ་བཙུན་ཤ་ཆུང་།

བརྒྱ་པའི་སྲིད་པ་སངས་པོ་འབུམ་ཁྲིའི་མཚན།།
འོལ་གླིང་ཞིང་དུ་ཡིད་ཀྱི་ཁྱེའུ་ཆུང་གྲགས།།
གཤེན་རབ་འཁོར་དུ་གཡུང་དྲུང་གཙུག་གཤེན་རྒྱལ།།
དུས་གསུམ་མཁན་པོ་ཁྱེད་ལ་ཕྱག་འཚལ་ལོ།།

སྐུ་ཡི་ངོ་བོར་བྱེ་བྲག་དངོས་མེད་བསྟན།།
གསུང་གི་ལྷ་མཆོག་ཤེས་རབ་སྨྲ་སེང་བྱོན།།
ཐུགས་རྗེའི་སྤྲུལ་པ་ཀེང་ཙེ་ལན་མེད་བཞེངས།།
སྐུ་གསུང་ཐུགས་རྗེ་མཆོག་ལ་ཕྱག་འཚལ་ལོ།།

ལྷ་ཡི་ཞིང་དུ་སྣང་བ་མདོག་ཅན་གྲགས།།
ཀླུ་ཡི་ཡུལ་དུ་ཡེ་ཤེས་སྙིང་པོ་ཞེས།།
མི་ཡི་ཁམས་སུ་མི་ལུས་བསམ་ལེགས་མཚན།།
སྲིད་པ་གསུམ་གྱི་ལྷ་ལ་ཕྱག་འཚལ་ལོ།།

ཞང་ཞུང་ཕེབས་སྐབས་སྟོང་རྒྱུང་མཐུ་ཆེན་ཞེས།།
རྒྱ་གར་བྱོན་དུས་གར་བ་པྲ་ཏི་བསྔགས།།
བོད་ཡུལ་བཞུགས་ཚེ་དྲན་པ་ནམ་མཁའ་ཞུ།།
འཛམ་གླིང་མཁས་པ་ཁྱེད་ལ་ཕྱག་འཚལ་ལོ།།

མངའ་རིས་ཡུལ་དུ་གཙུག་ཕུད་ཚུལ་ཁྲིམས་དང་།།
མདོ་སྨད་ཁམས་སུ་སོག་སྟོན་ཁྲི་འབར་ཚུལ།།
དབུས་གཙང་ཁུལ་དུ་མཁས་པ་གཡོ་མེད་དཔལ།།
གཙུག་རྒྱན་མཁན་པོ་ཁྱེད་ལ་ཕྱག་འཚལ་ལོ།།

གང་ཚེ་གངས་ཅན་ཞིང་དུ་སྐུ་བལྟམས་ཚེ།།
རུས་ཆེན་དབྲ་རིགས་ཀླུ་རྒྱལ་ཡབ་ཀྱི་མཚན།།
དད་སེམས་མཆོག་ལྡན་རིན་ཆེན་སྨན་གཉིས་སྲས།།
སྐྱེ་བ་བཞེས་པ་ཁྱེད་ལ་ཕྱག་འཚལ་ལོ།།

རབ་བྱུང་དྲུག་པ་མེ་ཕོ་སྤྲེལ་གྱི་ལོ།།
དཔྱིད་ར་སྟག་ཟླའི་ཚེས་ལྔར་མཚན་དཔེ་བཞད།།
གསལ་བྱེད་སུམ་ཅུ་མ་སློབ་རང་བརྡོལ་མཁྱེན།།
རྐང་གཉིས་གཙོ་བོ་ཁྱེད་ལ་ཕྱག་འཚལ་ལོ།།

ཡབ་ཀྱི་དྲུང་ནས་མོ་རྩིས་གཏོ་དཔྱད་སློབ།།
རྒྱུ་ཡི་བོན་བཞི་མ་འདྲེས་ཐུགས་སུ་མཁྱེན།།
ལྷ་མིས་བསྟོད་པར་སྲིད་གསུམ་ཕྱོགས་ཀུན་ཁྱབ།།
དེ་ཚེ་གཡུང་དྲུང་རྒྱལ་ལ་ཕྱག་འཚལ་ལོ།།

དགུང་ལོ་བཅུ་བཞེས་ཕྱྭ་བླ་དྲང་སྲོང་མདུན།།
རབ་ཏུ་བྱུང་ནས་སྲུང་ཁྲིམས་རྣམ་པར་དག།
ཁྲོ་ཀློང་གབ་མཛོད་ཡར་མེའི་བཀའ་རྟེན་གསན།།
ཤེས་རབ་རྒྱལ་མཚན་ཁྱེད་ལ་ཕྱག་འཚལ་ལོ།།

མདོ་སྨད་ཡུལ་དུ་འབྲི་ཆུ་གསེར་ལྡན་ཁར།།
ཙོང་ཀ་པ་དང་རྫུ་འཕྲུལ་རྩལ་འགྲན་དུས།།
ཕན་ཚུན་གཅིག་བསྟན་གཅིག་གྲོགས་བསྟོད་པར་ཕུལ།།
མཉམ་མེད་འགྲན་ཟླ་བྲལ་ལ་ཕྱག་འཚལ་ལོ།།

ཚ་སྒང་མཁས་གྲུབ་རིན་ཆེན་བློ་གྲོས་དྲུང་།།
དྲན་པའི་དྲང་ངེས་མེ་སྟོན་ལམ་རིམ་སྐོར།།
རྫོགས་ཆེན་གབ་པ་སེམས་སྡེ་ཀློང་སྡེ་ཞུས།།
ཐམས་ཐད་མཁྱེན་པ་ཁྱེད་ལ་ཕྱག་འཚལ་ལོ།།

ན་ལེན་ཏྲ་རུ་གྲྭ་སར་བྱོན་པའི་སྐབས།།
རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་མདུན།།
དབུ་ཕར་འདུལ་མཛོད་མདོ་ཚད་ཐོས་བསམ་མཛད།།
སྨྲ་བའི་སེང་གེ་ཁྱེད་ལ་ཕྱག་འཚལ་ལོ།།

མཆོག་ཉིད་དགུང་ལོ་སོ་གཅིག་བཞེས་པའི་ཐོག།
ལྷ་དང་སྲུང་མས་བཀའ་ཕབས་ལུང་བསྟན་བཞིན།།
འདུ་གནས་ཆེན་པོ་གཡས་རུ་དབེན་ས་ཁར།།
བསྟན་པའི་བདག་པོ་ཁྱེད་ལ་ཕྱག་འཚལ་ལོ།།

གང་ཉིད་མཁན་ཆེན་ཚུལ་ཁྲིམས་ཡེ་ཤེས་དྲུང་།།
དག་པ་དྲང་སྲོང་ཉིས་བརྒྱ་ལྔ་བཅུ་རྫོགས།།
འདུལ་ཁྲིམས་རྣམ་དག་གཤེན་གྱི་གདུང་སོབ་ཆེ།།
རྒྱལ་བ་གཉིས་པ་ཁྱེད་ལ་ཕྱག་འཚལ་ལོ།།

ཞང་སྟོན་དྲུང་ནས་མ་རྒྱུད་བོན་སྐོར་གསན།།
མེ་སྟོན་མདུན་དུ་དབལ་ཕུར་མན་ངག་ཐོས།།
སྒོམ་ཆེན་གམ་ནས་དབང་ལུང་ཟབ་དགུ་མནོས།།
ཀུན་མཁྱེན་མཉམ་མེད་ཁྱེད་ལ་ཕྱག་འཚལ་ལོ།།

ཡེ་ཤེས་རྒྱལ་དང་གཞོན་རྒྱལ་རྣམ་གཉིས་ཀྱིས།།
དབུ་རྩེ་དཀར་དམར་དམ་པའི་གདན་ས་ཕུལ།།
འཆད་རྩོད་རྩོམ་གསུམ་བོན་གྱི་འཁོར་ལོ་སྐོར།།
བྲུ་ཡི་རྒྱལ་ཐེབས་མཛད་ལ་ཕྱག་འཚལ་ལོ།།

ཡབ་ཡུམ་མཇལ་བའི་ཞལ་བཞེས་ཐུགས་དགོངས་ལྟར།།
སློབ་མ་རིན་རྒྱལ་གཙོ་འཁོར་ཡུལ་དུ་ཕེབས།།
ཡབ་ཡུམ་རྣམས་ལ་དབང་ལུང་མན་ངག་གནང་།།
འགྲོ་ཀུན་ཐུགས་རྗེས་བཟུང་ལ་ཕྱག་འཚལ་ལོ།།

དེ་ནས་དམ་པ་དར་རྩེ་མདོ་རུ་ཕེབས།།
ཡབ་ཡུམ་གཉིས་ལ་རྗེ་ཡིས་དངོས་གྲུབ་ཏུ།།
དངུལ་སྲང་བརྒྱ་དང་ཕྱག་བྲིས་བྱིན་ཆེན་བཞག།
ཡབ་ཡུམ་དུང་བ་འདྲེན་ལ་ཕྱག་འཚལ་ལོ།།

དགོན་ཆེན་དབེན་ས་འབྱུང་བས་འཇིག་དགོངས་ནས།།
ལ་མོ་རྩེ་རུ་ཀེང་རྩེ་སྒྲུབ་སྟེ་བཞུགས།།
གནམ་གྱི་ཉི་ཟླ་ཁོང་དུ་མིད་པ་དང་།།
རྫུ་འཕྲུལ་ཐོགས་མེད་མངའ་ལ་ཕྱག་འཚལ་ལོ།།

བསྟན་འགྲོའི་དོན་དུ་དགོན་གནས་འདེབས་དགོངས་ནས།།
ལྔ་བཅུ་དགུང་ལོ་ཤིང་ཕོ་བྱི་ལོ་ལ།།
གཙང་དུ་ཕེབས་ནས་གདན་ས་སྨན་རི་བཏབས།།
རྒྱལ་བ་སྨན་རི་ཁྱེད་ལ་ཕྱག་འཚལ་ལོ།།

རིན་རྒྱལ་མཆོག་གིས་གོམ་དགུ་མཇལ་མཚམས་སུ།།
རྡོ་དཀར་རེ་རེ་ཐོ་ཆེན་གར་བཙུགས་སར།།
ཁང་ཚན་བཅུ་གཉིས་གྲྭ་ཤག་དྲུག་ཅུ་བྱུང་།།
གྲུབ་རྟགས་དཔག་མེད་མཛད་ལ་ཕྱག་འཚལ་ལོ།།

ཕྱི་ནང་གསང་གསུམ་ཡི་དམ་བཀའ་ཆེ་དགུ།།
བསྙེན་སྒྲུབ་ལས་ཀྱི་སྒྲུབ་པ་མཐར་ཕྱིན་ནས།།
ཁྲོ་ཕུར་ཞང་སོགས་ཕྱི་ནང་ཡི་དམ་ཀུན།།
མངོན་སུམ་ལྷ་ཞལ་མཇལ་ལ་ཕྱག་འཚལ་ལོ།།

ཞི་ཁྲོའི་གདངས་དབྱངས་བོན་སྐྱོངས་བསྐང་གྱེར་སོགས།།
རྟེན་རྫས་འཚོགས་བསགས་གསང་སྔགས་ཕྱག་ལེན་སྐོར།།
ཕྱོགས་མེད་ལས་སློབ་བརྒྱ་ཕྲག་གྲངས་མེད་ལ།།
གང་འདོད་བཀའ་ལུང་སྟོན་ལ་ཕྱག་འཚལ་ལོ།།

རྗེ་བཙུན་ཡར་མེའི་འདུལ་བའི་བསླབ་བྱ་བཞིན།།
ཉ་སྟོང་དུས་བཟང་གསོ་སྦྱོང་ཆག་མེད་བཙུགས།།
ཡས་མར་ཟླ་ངོར་བཤད་སྒྲུབ་བསྟན་པ་སྤེལ།།
འགྲོ་དྲུག་ཐུགས་རྗེས་སྐྱོང་ལ་ཕྱག་འཚལ་ལོ།།

ཕྱི་ནང་བོན་སྒོར་དགོངས་འགྲེལ་ཆ་ལག་སོགས།།
འཕྲུལ་སྒྲོན་རྣམ་ལྔ་གཞུང་ཆེན་དུ་མ་མཛད།།
རྣམ་དག་འདུལ་བའི་བཀའ་དྲིན་ཁྱད་པར་ཆེ།།
བསྟན་པ་འཛིན་སྐྱོང་སྤེལ་ལ་ཕྱག་འཚལ་ལོ།།

བོན་སྐྱོང་སྡེ་དྲུག་བསྟན་པའི་བཀའ་སྲུང་དང་།།
རྒྱལ་ཆེན་ཤེལ་ཁྲབ་ཅན་སོགས་དམ་ཅན་སྡེར།།
ཇི་སྲིད་བོན་གྱི་བསྟན་པའི་བཀའ་སྲུང་བསྐོས།།
བསྟན་པ་གཉེར་བཅོལ་མཛད་ལ་ཕྱག་འཚལ་ལོ།།

དགུང་ལོ་དྲུག་ཅུ་ཤིང་ལུག་སྟོན་ཐ་ལོར།།
ཐུགས་སྲས་སློབ་མ་རིན་ཆེན་རྒྱལ་མཚན་ལ།།
ཉིིད་ཀྱིས་ཁྲི་སྐྱོང་ཁྱད་པར་རྒྱལ་ཚབ་གདམས།།
རྒྱལ་བའི་རྒྱུད་འཛིན་བཞག་ལ་ཕྱག་འཚལ་ལོ།།

གཏེར་གྱི་ཆུ་མིག་གཟིམས་གུར་ཁྲ་ཐེར་ཕུབ།།
ཉིན་ལ་སློབ་མར་ཞང་ཞུང་སྙན་རྒྱུད་ཁྲིད།།
ནུབ་མོར་ལྷ་ཀླུ་བོད་བཤད་དབང་བསྐུར་མཛད།།
དུས་གསུམ་བླ་མ་ཁྱེད་ལ་ཕྱག་འཚལ་ལོ།།

དབྱར་ཟླ་ཐ་ཆུང་ཚེས་བརྒྱད་ཐོ་རེངས་སུ།།
ན་བཟའ་གོས་དྲུག་སྐུ་ལ་རྫོགས་པར་གསོལ།།
བྲུ་རྒྱལ་ཕྱག་ཁྲིད་གཅེར་མཐོང་ལྟ་བའི་ཁྲིད།།
བོན་འཆད་ངང་དུ་གཤེགས་ལ་ཕྱག་འཚལ་ལོ།།

ཧོར་ཟླ་དང་པོའི་ཚེས་ལྔ་དབུ་བཟུང་ནས།།
ལས་བཞི་རྒྱུན་ལྔའི་དཀྱིལ་འཁོར་ལྷ་ཞལ་ཕྱེས།།
ཚེས་བརྒྱད་ཉིན་མོར་སྐུ་གདུང་ཞུགས་ཙམ་ན།།
གདུང་མེ་རང་འབར་བྱུང་ལ་ཕྱག་འཚལ་ལོ།།

དེ་ཚེ་དེ་ལ་ནུབ་ཕྱོགས་འཇའ་ལམ་ནས།།
བྱ་རྒྱལ་རྒོད་པོ་སྤྲུལ་ནས་ལྡིང་གསུམ་བསྐོར།།
རྒྱལ་ཚབ་མཆོག་གིས་སླར་མཇལ་གསོལ་བཏབ་པས།།
སྨོན་ལམ་མཐར་རུ་ཕྱིན་ལ་ཕྱག་འཚལ་ལོ།།

རྗེས་འཇུག་དད་རྟེན་རིང་བསྲེལ་བརྒྱ་རྩ་བརྒྱད།།
ཀུན་བཟང་སྐུ་དང་གསུང་རྟེན་སྨྲ་སེང་སྐུ།།
ཐུགས་རྟེན་ཤ་རི་རམ་སོགས་རྟེན་སྐལ་བྱུང་།།
དད་རྟེན་བཞུགས་པ་རྣམས་ལ་ཕྱག་འཚལ་ལོ།།

མཁས་པ་ཕུལ་ཕྱིན་ཐུགས་སྲས་རྣམ་གཉིས་དང་།།
ཐེག་ཆེན་རྒྱུད་འཛིན་འུ་སྒོམ་ཤེས་རབ་རྒྱལ།།
བསྟན་པའི་གསལ་བྱེད་མཆོག་ཆེན་དམ་པ་བཅུ།།
རྗེས་འཇུག་དཔག་མེད་གྲོལ་ལ་ཕྱག་འཚལ་ལོ།།

དེ་ལྟར་བསྟན་པའི་རྒྱལ་བ་ཀུན་མཁྱེན་རྗེས།།
མཛད་པའི་ཚུལ་ལ་མདོ་ཙམ་བསྟོད་པས་དགེས།།
མ་གྱུར་འགྲོ་ཀུན་ལས་སྒྲིབ་ཀུན་བྱུང་ནས།།
མཐར་ཐུག་རྣམ་མཁྱེན་ཐོབ་ཕྱིར་རྒྱུ་རུ་བསྔོ།།

2018.6.20འཇུག་རྫོགས་པར་བྲིས།།

རྩོམ་འདིའི་རྩ་གཉིས་ཨང་།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།