རྗེས་དྲན་སྙིང་གི་མིག་ཆུ།

རྗེས་དྲན་སྙིང་གི་མིག་ཆུ།

རྩོམ་པ་པོ།  གངས་སྐྱེས།

མཁས་གྲུབ་གཙུག་རྒྱན་དགེ་ལེགས་ཉི་མའི་མདངས།།
སྐྱབས་གནས་དཀོན་མཆོག་ལྷུན་འགྲུབ་འཕྲིན་ལས་རྨད།།
བདེ་ཆེན་ངོ་མཚར་རྒྱ་མཚོ་འཁྱིལ་བའི་གཞི།།
སྐྱེས་ཆེན་དཔལ་དང་ལྡན་ལ་ཕྱག་མཚལ་ལོ།།

མཁྱེན་བརྩེ་གངས་དཀར་ལྷུན་པོའི་གཟི་མདངས་ལ།།
དགོངས་པའི་རི་མོ་ནམ་མཁའི་སྤྲིན་དང་ལྷག།
བླ་མ་ཁྱེད་ནི་བདེན་དོན་གྲུབ་པའི་མཆོག།
མདོ་སྨད་བོན་གྱི་སྲོག་དང་སྲོག་ཤིང་ཡིན།།

ཁྱུང་ཆེན་གཤོག་པ་བརྐྱངས་འདྲའི་སྨན་རི་ལ།།
ཁྱུང་དཀར་རུས་སུ་མཆེད་པའི་སྐྱེས་བུ་མཆོག།
མི་རྟག་དབྱིངས་སུ་གཤེགས་པའི་འཇིག་རྟེན་འདིར།།
སྡུག་གི་གཙང་བོ་འཕྱུར་བའི་རྦ་རླབས་འཕྱོ།།

བཀའ་དང་གསུང་རབ་བརྩེགས་པའི་གསས་མཁར་ལ།།
རྗེ་བཙུན་ཁྱེད་ཀྱི་སྐུ་གཟུགས་མི་མངའ་བས།།
ཁོག་གི་སྙིང་དང་འདྲ་བའི་བོན་བརྒྱ་ལགས།།
དད་པའི་ལག་སོར་ཀུམ་ནས་ཕྱག་གིས་མཇལ།།

ཕ་རོལ་སངས་རྒྱས་འགྲོ་བའི་ཕྱིར་མིག་དེར།།
ངེད་ཅག་སློབ་བུ་ཁྲི་དང་མཁྱེན་པར་མཛད།།
སྐྱོ་བའི་ཉིན་ཞག་བརྩིགས་པའི་རི་འདབས་འདིར།།
སེར་སྐྱའི་ངུ་ཁ་ཤོར་ཡང་ཁག་འགེལ་ཅི།།

དཔའ་སྤོབས་གསེར་གྱི་རི་བོ་མ་འགྱེལ་བ།།
རྣམ་དཀར་དགེ་བའི་དཔལ་དང་ནུས་མཐུ་ཅན།།
མཛད་པའི་རྣམ་ཐར་བསྐྱངས་བའི་གཤིས་ལུགས་དེར།།
གཤེན་རབ་གཉིས་སུ་མེད་པའི་དགོངས་པ་ཆེ།།

གསེར་གྱི་འདུ་ཁང་བཞེངས་བའི་རྒྱལ་མཚན་རྩེར།།
སྤྲིན་གྱི་ན་བུན་འཁྲིགས་པའི་སྨུག་པ་འཁྱིལ།།
དམ་པ་ཁྱེད་ཀྱི་ཞལ་འཛུམ་མ་མཐོང་བས།།
དད་ལྡན་མང་མང་སྐྱོ་བའི་གྲོང་དུ་འདར།།

ཕ་དང་དབྱེར་མེད་འགྲོ་བའི་མགོན་པོ་ལགས།།
མ་དང་ཁྱད་མེད་འགྲོ་ལ་བུ་ལྟར་བྱམས།།
ཀུན་གྱི་གཙུག་རྒྱན་གྱུར་བའི་ལྷ་ཆེན་ལགས།།
གནམ་སའི་ཀ་རིང་འདེགས་པའི་སེམས་དཔའ་ལགས།།

ངུར་སྨྲིག་རྒྱལ་མཚན་འཛིན་པའི་དགོན་སྡེ་དང་།།
རིག་འཛིན་མཐུ་བོ་རྣམས་ཀྱི་སྐྱབས་གནས་རྗེ།།
སྔགས་རྫོགས་ས་ལམ་དེད་པའི་བློ་སྤོབས་ལ།།
འཇིག་རྟེན་འདི་ནས་སུ་དང་གང་ཡང་མཚར།།

དབྱར་གྱི་རྨི་ལམ་ཤར་བའི་སྤང་ཐང་ལ།།
མེ་ཏོག་མང་བོ་ལྡེམ་མེར་མཛེས་ནའང་།།
མི་འདོད་ཉི་གཞོན་ཡིབ་པའི་རི་ལུང་ནས།།
འདབ་མའི་བཞད་ཁ་སད་དང་ཆར་བས་གཏོར།།

མ་རིག་སེམས་ཀྱི་བློ་སྒོ་རབ་འབྱེད་པ།།
མ་རྟོགས་འཁྲུལ་བའི་རྨོངས་སེམས་རལ་གྲིས་བཅོམས།།
རིག་གནས་ཁྲི་ཕྲག་བརྒལ་བའི་ཤེས་རབ་ལ།།
ཟླ་མེད་གངས་ཀྱི་ཁ་དོག་ཤེལ་དུ་གནས།།

སྙིང་གི་རི་བོ་འགྱེལ་བའི་གནས་འཛིན་ལ།།
མིག་ཆུའི་ཕྲེང་ཐག་ཡང་ཡང་ཆད་ནའང་།།
བསྟན་དོན་འགྲོ་ལ་བརྩེ་བའི་དགོངས་རྟོགས་སུ།།
ཡང་སྤྲུང་མྱུར་དུ་བྱོན་པའི་སྨོན་ལམ་འདེབས།།

རྩོམ་འདིའི་རྩ་གཉིས་ཨང་།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།