ཐུགས་གསོའི་འཚམས་འཕྲིན།།

ཐུགས་གསོའི་འཚམས་འཕྲིན།།

མཁས་པའི་དབང་པོ་བོན་བརྒྱ་བ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་དང་། དང་ཐོག་བོན་སླེབ་བླ་མ་ནམ་མཁའ་བསྟན་འཛིན་ཚང་གི་བརྒྱད་བཅུའི་དགྱེས་སྟོན་སྐབས་སུ། གངས་ཅན་མདོ་སྨད་རྔ་ཡུལ་རྟོགས་ལྡན་དགོན་ཆེན་ནས་གུས་ཕྱག་དང་བཅས་མཇལ་བར་ཡིན། ཁོང་ནི་གཞན་སུ་ཞིག་དང་མི་འདྲ་བའི་དམ་པའི་སྐྱེས་བུ་ཞིག་གི་ཐུགས་གཤིས་ལྷན་སྐྱེས་མངའ་བའི་རྨད་བྱུང་གི་བླ་མ་ཞིག་རེད། ཐོབ་དང་གོ་ས་མཐོ་ཡང་། བྱམས་དང་སྙིང་རྗེ་དམའ་སར་ཟེར་བའི་དཔེ་ལྟར། བརྩེ་བ་འཛུམ་གྱིས་གང་བའི་ཞི་དུལ་བག་ཡོད་ལྡན་པའི་གསང་གསུམ་བོན་གྱི་མཛོད་འཛིན་རྒྱལ་བསྟན་སྲོག་གི་ཀ་བ་ཞིག་དང་། དྲན་དབང་སྨྲ་བའི་སེང་གེ་མི་ཡི་གར་དུ་རོལ་བ་དང་གཉིས་སུ་མ་འཆིས་པའི་མཁས་དང་གྲུབ་པའི་གཙུག་གི་རྒྱན་གཅིག་ཏུ་ཡིན་པར་ངེས་ཏེ། དད་འདུན་གཙང་མ་ཞིག་དབང་མེད་དུ་སྐྱེས་སོང་། དུས་དེ་ནས་བཟུང་དབང་དང་དམ་ཚིག་གི་འབྲེལ་བར་མེད་ཀྱང་། རང་གི་རྩ་བའི་བླ་མ་ཞིག་གི་འདུ་ཤེས་ལྷད་མེད་སྐྱེས། ཁོང་ནི་དུས་ཀྱི་རྒུད་པ་ཆེ་བའི་སོ་ཁ་ནས། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཆེས་ཉག་ཕྲ་བའི་སྐབས་སུ། རྒྱལ་གཤེན་བསྟན་པའི་མེ་རོ་མདོ་སྨད་ཕྱོགས་ནས། སླར་ཡང་གསལ་བར་བྱེད་པའི་བསྟན་འཛིན་སྐྱེས་མཆོག་ཞིག་དང་། བཅུ་ཕྲག་རིག་པའི་གནས་ལ་རང་དབང་འབྱོར་བའི་ཤེས་རིག་གི་སྒྲོན་མེ་ཞིག་མུན་པའི་གསེང་ནས་། གངས་ལྗོངས་སུ་ཚ་ཟེར་སྟོང་གི་ཁོད་པའི་གསེར་གྱི་ཉི་ཟླའི་འོད་ཀྱིས་ཁྱབ་པར་བཞིན། སྐྱེ་དགུ་འགྲོ་བའི་དཔལ་དུ་མུན་པ་སེལ་བའི་བསྟན་པའི་གསལ་བྱེད་དམ་པ་དང། གང་ལ་གང་འདུལ་གྱི་མཛད་བཟང་གསེར་གྱི་པད་མོའི་རྣམ་པར་བཞད་པའི། ལུང་རྟོགས་གཉིས་ཀྱིས་བསྡུས་པའི་བསྟན་པའི་བདག་ཉིད་ཞིག་དང་། མདོ་ན་སྐུ་ཚེ་ཧྲིལ་པོ་བསྟན་འགྲོའི་དོན་ལ་ཕུལ་བའི། རྒྱལ་འཕགས་བོན་གཤེན་རིག་འཛིན་གོང་མའི་རྣམ་ཐར་སྐྱོང་བའི། རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་ཟབ་མོའི་མཛད་པའི་སྐྱེས་བུ་ཞིག་ཡིན་ལ། འོན་ཀྱང་སེམས་ཕམ་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་ལ། དེ་རིང་སྟེ་རེ་གཟའ་སྤེན་པའི་ཉིན་ལ་དྲྭ་ལམ་ཁག་ནས་ཉེ་ཆར་ཉིན་འགའ་ཞིག་གི་རིང་ནས་བྱུང་བའི་དོན་ངན་ཞིག་ས་ཁྱབ་རྡོ་ཁྱབ་ཏུ་འུར་ཟིང་ངེ་བཏང་དང་བཏང་བཞིན་པར་ནི། སྤྱི་ལོ༢༠༡༨ཟླ་༧ཚེས༦ལ། སྐྱབས་རྗེ་བོན་བརྒྱ་བ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ཚང་རེ་ཞིག་བསྟན་འགྲོ་དོན་གྱི་མཛད་པར་རྫོགས་ནས། གདུལ་བྱ་རྟག་འཛིན་ཅན་རྣམས་སུན་དབྱུང་བའི་ཕྱིར། གཟུགས་སྐུའི་བཀོད་པ་ཐུགས་དམ་གཡོ་མེད་ངང་ནས་དགོངས་པ་བོན་དབྱིངས་སུ་ཐིམ་པའི་གནས་ཚུལ་ཐོས་པས། བདག་ལ་མཚན་ན་མི་བཟོད་པའི་སྐྱོ་གདུང་བློ་ཕམ་ཚད་མེད་ཞིག་སྐྱེས་སོང་། དེ་བཞིན་ལོ་འདིའི་ནང་ལ་བོན་གྱི་བཀའ་འགྱུར་ཉར་ཚགས་གནང་མཁན་༧ཀུན་སྤངས་བྱ་བྲལ་བ་གཡུང་དྲུང་དོན་འགྲུབ་ཁྱེད་གཉིས་རིམ་བཞིན་སྔ་རྗེས་སུ་གཤེགས་སོང་བས། སྤྱི་བོད་ཁ་བ་ཅན་གྱི་བསྟན་སྲིད་སྤྱི་དང་། ཡང་སྒོས་སུ་གཡུང་དྲུང་བོན་གྱི་བསྟན་པ་ལ་གྱོང་གུད་ཞིག་ཡིན་པས། གདུང་སེམས་མཉམ་བསྐྱེད་ཀྱིས་གུས་འདུད་བཅས་མྱ་ངན་
ཞུ་ཞུ།།
སྤྱི་ལོ་2018ཟླ8ཚེས25ཉིན་གློ་བུར་ཉག་བསོད་ནམས་དབང་རྒྱས་བྲིས་སོ།།

རྩོམ་འདིའི་རྩ་གཉིས་ཨང་།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།