ཕངས་སེམས་ཀྱི་རྗེས་དྲན།

    ཕངས་སེམས་ཀྱི་རྗེས་དྲན།

འཛམ་གླིང་རིག་པའི་དཔའ་བོ་མཁས་མཆོག་ནམ་མཁའི་ནོར་བུ་ལ་རྗེས་དྲན་དུ་ཕུལ་བ།
  རྩོམ་པ་པོ། ཁྲི་བསྟན་དར། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

ཁྲི་ཀ་རྨ་ཀླུང་སྔོན་མོའི་ཉེ་འགྲམ་ཆར།།

རིག་པའི་སྡིངས་ཀར་སློབ་ལ་བརྩོན་པའི་སྐབས།།

ཞང་བོད་ལོ་རྒྱུས་ནོར་བུ་མེ་ལོང་ལས།།

ཁྱེད་ཀྱི་མཚན་ནི་དེ་དུས་ཐོག་མར་ཤེས།།

 

ཁྱེད་གསུང་མཇལ་བས་ཀུན་གཞིའི་མེ་ལོང་ངོར།།

ཕྱོགས་ལྷུང་བྲལ་བའི་གཟུར་གནས་གཅིག་པུ་མཆོག།

ཉིད་ལས་མེད་པ་ཚོར་བའི་བག་ཆགས་ཟབ།།

དོན་གྱི་རིག་པའི་དཔའ་བོ་ཁྱེད་ལས་སུ།།

 

དབང་ཕྱུག་མེ་མོ་གླང་ལོར༼༡༩༩༧༽སྐུ་འཁོར་བཅས།།

ཁྲི་ཀ་གཡང་ལུང་ར་བར་ཞབས་ཟུང་བསྒྱུར།།

སློབ་གྲྭའི་སྒོ་འབྱེད་དུས་སྟོན་ཆེན་མོའི་ཉིན།།

ཁྱེད་ཀྱི་གསེར་ཞལ་ཐོག་མར་མཇལ་བས་སྤྲོ།།

 

ཁྱེད་དང་བོན་བརྒྱ་ཐམས་ཅད་མཁྱེན་པ་ཡིས།།

ཉིན་གསུམ་ཆུ་ཚོད་དྲུག་ལ་གཞུང་ལུགས་དང།།

ལོ་རྒྱུས་ཞལ་བརྡ་གནང་བའི་སྐལ་བཟང་ནི།།

དེང་ཡང་སྒྲ་འཛིན་བུ་མོའི་སྐྱེས་སུ་ཐོབ།།

 

ཟུར་ཆེན་མཆོག་གིས་གཤེན་རྒྱལ་ལྷ་རྩེ་ལས།།

བོན་གཞུང་རྫོགས་ཆེན་ཞུས་པའི་ལོ་རྒྱུས་སོགས།།

བོན་ལ་ཐོས་བསམ་གནང་བའི་ཐུབ་བསྟན་པ།།

འདི་དང་འདི་ཞེས་ཞལ་གསལ་གནང་བར་མཛད།།

 

ཞལ་ལས་ལྷ་ལྡན་ཞིང་དུ་བཞུགས་སྐབས་སུ།།

ཁམས་ཀྱི་བླ་སྤྲུལ་དགེ་བཤེས་གསེར་རིའི་གྲངས།།

མདུན་བཅར་འཚམས་རྟགས་དར་ཁ་ཕུལ་བ་དང་།།

ཅི་ཡང་མི་སྨྲ་ལྐུགས་པའི་བརྟུལ་ཞུགས་འཛིན།།

 

དེར་མཚམས་ཕེབས་དོན་གསལ་བར་འདྲི་བའི་ཚེ།།

ཁྱེད་ཀྱིས་བན་དེ་འབྱུང་ཁུངས་གཡུང་དྲུང་བོན།།

ཡིན་ཞེས་གསུང་བས་རྙིང་མའི་རྫོགས་ཆེན་ནི།།

བོན་ལས་བྱུང་བའི་ཁུངས་ནི་ཤེས་རྟོགས་སླ།།

 

དེང་ཕྱིན་དེ་ལྟར་མ་འབྲི་ནང་གཏམ་ཆེད།།

ཡོང་ལུགས་ཞུས་ལན་ང་ཡང་ཆུང་དུས་སུ།།

ཁྱོད་ཚོ་ནང་བཞིན་གྲུབ་མཐའི་ཕྱོགས་ཞེན་ཆེ།།

ཡིན་ཡང་ཕྱིས་སུ་རིས་མེད་དཔེ་གཟིགས་གནང་།།

 

དེ་ཡི་སྟོབས་ཀྱིས་ཁོ་བོ་བན་བོན་ལ།།

ཕྱོགས་ཞེན་ཆགས་སྡང་རྨང་ནས་རང་སར་ཞི།།

ཁྱོད་ཅག་ཀུན་གྱིས་དཔེ་ཀློག་དེ་བཞིན་གྱིས།།

ཞེས་གསུང་ཚ་བ་གསུམ་ལྡན་མངོན་པར་བསྟོད།།

 

དེ་ནས་མཁས་དབང་ཁྱེད་གཉིས་ཞལ་གྱེས་སྐབས།།

སླད་ཆར་རིག་འབྱུང་སྨན་རིའི་གླིང་ཆེན་དུ།།

ཞབས་པད་འཁོད་ངེས་ཞལ་གསུང་གནང་ན་ཡང་།།

ཡུལ་དུས་དབང་གིས་མ་ཕེབས་ཕངས་སེམས་གནས།།

 

རང་གཞན་གྲུབ་མཐར་ཆགས་སྡང་བྲལ་རྟགས་སུ།།

སྨན་རིའི་དཔོན་སློབ་ཡོངས་འཛིན་མདུན་དྲུང་ནས།།

ཞང་ཞུང་མེ་རིའི་དབང་ལུང་ཞུས་པ་ཡིས།།

བོན་ལ་ཁྱད་གསོད་དགའ་རྣམས་སྔངས་བར་བྱས།།

 

ལེགས་བཤད་ཏི་སེ་འོད་སྣང་འཕྲོས་པ་ན།།

ཕྱོགས་ལྷུང་གྲིབ་ལ་ཉལ་བའི་བྱང་ཕུག་རྣམས།།

རྒུད་མུན་སེལ་བས་དག་སྣང་གསེར་འོད་འབར།།

གཟུར་གནས་ལམ་སྟོན་བྱེད་པོ་ཁྱེད་ལས་སུ།།

 

ཕྱོགས་ནས་ཕྱོགས་དང་ཁབ་ནས་ཁབ་འགྲིམས་ནས།།

སྐལ་ལྡན་འབུམ་ཕྲག་ལྷག་གི་ཡོལ་གོ་རུ།།

ཞང་བོད་ཤེས་རིག་བདུད་རྩི་གཏམས་པར་བྱས།།

མཆོག་གི་སྦྱིན་པ་འགྱེད་མཁས་ཁྱེད་ལས་སུ།།

 

ཡེ་དག་ཐིག་ལེ་ཉག་གཅིག་ངོ་བོ་ཉིད།།

རྗེན་པར་སྟོན་མཛད་ཏ་པུ་ཧྲི་ཙ་ལྟར།།

སྲིད་པ་ཧྲུལ་བོར་གཏོང་ལ་དཔའ་བོ་ཉིད།།

སྣང་སྲིད་ཚགས་ལ་གཏར་ཡང་ཁྱེད་ལས་དབེན།།

༢༠༡༨.༨.༢༢ཉིན།

རྩོམ་འདིའི་རྩ་གཉིས་ཨང་།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།