དབྱངས་ཀྱི་ང་རོར་བཏེགས་པའི་རྒྱང་འབོད།


རྩོམ་པ་པོ།              སྐྱིད་སྲས་དགེ་ལེགས་ཉི་མ། ཁྲི་ཕུན་ཚོགས།
གྱེར་འདོན་པ།        རེབ་སྐྱིད་བསོད་ནམས་རྒྱལ་མཚན། ལྕགས་ཐར་སྐྱིད།

༼   གཅིག ༽

གངས་རིའི་རུ་དཔུང་སྒྲིག་པའི་ཡུལ་གྲུ་ཞིག་ན།
ནམ་མཁའ་སྔོན་པོ་ལས་ལྷག་པའི་ནམ་མཁའ་སྔོན་པོ་ཞིག
བྱམས་སེམས་དང་འཇམ་མཉེན་གྱི་ཕྱག་ཟུང་དྲོན་མོས་དགུང་དུ་བཏེགས་ནས་ཡོད།
དེ་ནི་གངས་རིའི་ཕྱག་ཟུང་ཡིན།   སྣོད་བཅུད་འདིའི་རིག་གཞུང་གི་ཕྱག་ཟུང་ཡིན།
ཕྱག་ཟུང་དེ་ནི།
བདག་གི་བླ་མ་ལྟ་བུའི་མཁས་གྲུབ་གཉིས་ལྡན་དག་གི་ཕྱག་ཟུང་ཡིན་ཞིང་།
གནམ་སྔོན་པོའི་གདེངས་ཀར་བོན་གྱི་ཉི་ཟླ་འཇོག་མཁན་གྱི་དེད་དཔོན་ཤ་སྟག་ཡིན།

༼   གཉིས།༽
གངས་དཀར་ཏི་སེའི་འདབས་རོལ་ནས།  རྨ་རྒྱལ་སྦོམ་རའི་ཕང་བ་ནས།
ངས་དཀར་ནག་སྐྲ་ཡི་ལན་བུ་ཡུག་གཅིག་ཏུ་དཀྲིས་པའི་རྒན་རབས་པ་ཞིག་མཐོང་སོང་།
ངས་དུས་ཀྱི་སྟོན་པ་དང་དངུལ་གྱི་པོ་ཏི་ཡིན་པའི་མགོན་པོ་ཞིག་མཐོང་སོང་།
ཕུ་སྟོད་གངས་ཀྱི་ཕྱོགས་སུ་མཛུབ་མོ་ཀེར་ནས།
ཧ་ཅང་ཉམ་ཆུང་དང་ཞིག་རལ་དུ་སོང་བའི་མཁར་ཤུལ་དག་ནི།
ཁོ་བོའི་རྨ་ཁ་ཡིན་པར་བརྗོད་བཞིན་འདུག་ལ།
དབུགས་རྒྱུན་དྲག་པོའི་གདངས་ཀྱི་མཐིལ་ན།
བྲང་ཁོག་ན་ཇ་རྒོད་བཞིན་ལྷོག་ལྷོག་གདུ་བཞིན་པའི་སེམས་པ་དེའང་།
མི་རིགས་ཤིག་གི་ཁྲག་མདོག་ཡིན་པ་མཚོན་ཡོང་གིན་འདུག

༼   གསུམ།༽
བླ་མ་ལགས། བོན་བརྒྱ་བ།

སྐྱེ་བ་ནི་རྒས་པ་འདྲུད་པའི་སྣ་ཐིག་རེད་དམ།
རྒས་པ་ནི་འཆི་བ་འདྲུད་པའི་ཤིང་རྟ་ཨེ་རེད།
རྣམ་ཤེས་ནི་འོད་ལས་གྲོལ་ཞིང་སླར་ཡང་འོད་ལ་འཐིམ་འགྲོ་བ་བདེན་ན།
བདག་གི་རྣམ་ཤེས་ཀྱང་མཚན་མོ་མེད་པའི་འཇིག་རྟེན་དུ་བསྟིམ་རོགས།
ང་ནི་རྫོབ་སྟུག་པའི་མུན་པར་ཧ་ཅང་སྐྲག
མཚན་མོར་དེ་བས་སྐྲག
༼   བཞི།༽
ང་ཡི་བླ་མ་ལགས། བོན་བརྒྱ་བ།
ནམ་ཞིག་བདག་གི་དབུགས་རྒྱུན་མཐའ་མ་སྟེ།
གངས་རིའི་དཔྲལ་བར་དྲོད་ལམ་ལམ་ངང་བསྡུ་དུས།
གངས་ཀྱི་མཁུར་བར་ལྷུང་བའི་དྲོད་ཀྱི་ཐིགས་པ་དེ།
ངའི་ཁ་ཆེམས་ཀྱི་ཟིལ་ཐིགས་རྡོག་པོ་དེ་ཡིན་ལ།
ཟིལ་ཐིགས་དེ་ལས་གངས་རི་མཐོང་ཡོང་ངེས་ཤིང་།
གངས་རི་དེ་ལས་ཉག་ཕྲ་བའི་བདག་གི་རྣམ་ཤེས་མཐོང་ཡོང་སྲིད་པས།
ཟིལ་ཐིགས་དེ་ཉིད་སླར་ཡང་གངས་རིའི་མགུལ་བར།
མུ་ཏིག་གི་སྐེ་རྒྱན་ཞིག་ཏུ་ཚུལ་དུ་འདོགས་རོགས།
༼   ལྔ།༽
བླ་མ་ལགས།
ད་ནི་བདག་གིས་ཁྱེད་ཀྱི་རྣམ་དཔྱོད་རྩལ་དུ་སྦྲུམ་པའི་གླེགས་བམ་མཐུག་པོ་དེ་དག
ཉི་འོད་ཀྱི་ཟུར་ན། ཟླ་འོད་ཀྱི་ངོགས་ན།
ཁྱེད་ཉིད་བཙལ་ཞིང་། ཁྱེད་ཉིད་སྒོམ་ནས་ཡོད།
ཁྱེད་ཀྱི་གཏིང་རུམ་ནས་བརྡོལ་བའི་ཉི་འོད་གཞིབས་པའི་ཡིག་འབྲུའི་ས་བོན་དེ་དག
གངས་ཀྱི་ར་བར་བཏབས་པའི་འོད་ཀྱི་གཤོག་པ་ཡིན་པས།
སྨུག་པར་བརྫིས་པའི་མུན་པའི་ལེབ་མོ་དེ་དག
ཤུགས་ཀྱིས་ཕྱགས་དགོས་པ་ཡིན།
༼   དྲུག༽
ང་ཡི་བླ་མ་ལགས། བོན་བརྒྱ་བ།
འཁོར་བའི་ལ་ཆེན་འདི་བརྒལ་ན།
སླར་ཡང་ལ་ཆེན་ཡིན་པའི་འཇིག་རྟེན་འདིར།
ལ་ཆེན་གྱི་སྒལ་ཚིགས་འདའ་མ་ཐུབ་པའི་ང་ཚོ།
ཁུར་མོང་བཞིན་འཇིག་རྟེན་ལས་ག་ལེར་འཁྱེར་ནས།
གངས་རི་དང་སྤྲིན་དཀར་ལོང་ལོང་གཡོ་བའི་ཞིང་ཁམས་སུ་སྐྱེལ་རོགས།
དེ་ནི་དང་པོའི་བྱུང་ཁུངས་ཡིན་པས།
སྒྱིད་ལུག་ལ་གོམས་པའི་ང་ཚོ་དེ་ལས་འཕག་མི་འདོད་དོ།།

༼   གཅིག ༽
ཁ་སང་དེ་རིང་།
གངས་རིའི་རྔམ་ཟིལ་དང་མཚོ་མོའི་ཞི་དལ་ལས་ལྷག་པའི།
སེར་ལམ་ལམ་གྱི་རིག་པའི་སྒྲོན་མེ་ཞིག
སྲོད་ཁའི་ཉི་ཟེར་དང་ལྷན་དུ་ང་ཚོ་དང་གཏན་དུ་ཕེབས་སོང་།
ཁ་སང་དེ་རིང་།
ཉི་མའི་དྲོད་ཁོལ་དང་ཟླ་བའི་བྱམས་སེམས་ལས་ལྷག་པའི།
ཧ་ཅང་དཀྱེལ་ཡངས་པའི་ཤེས་རབ་ཀྱི་མིག་ཟུང་ཞིག
ལོ་རྒྱུས་ཀྱི་གླེགས་བམ་ནང་བཞིན་ང་ཚོ་དང་གཏན་དུ་བྲལ་སོང་།
ཁ་སང་དེ་རིང་།
ལས་ཀྱི་ཕ་དང་ལམ་གྱི་སློབ་དཔོན་ལས་ལྷག་པའི།
གང་གིས་མ་མཚོན་པའི་ཟླ་བྲལ་གྱི་དཔོན་གསས་ཤིག
དཔུང་གདང་ཤིག་ཤིག་གི་རི་ཚོགས་གསེབ་ནས་ང་ཚོ་དང་རིང་དུ་ཡལ་སོང་།

༼   གཉིས ༽
བླ་མ་ལགས།
ཉི་འོད་ཀྱི་ཀློང་ན་འཚེར་ཞིང་འཚེར་གྱིན་པའི་ཁྱེད།
མཚན་སྨག་གི་ཟླ་དཀྱིལ་དབུས་ན་འཛུམ་ཞིང་འཛུམ་གྱིན་པའི་ཁྱེད།
ཡི་གེ་ཨ་ཆེན་གྱི་རྩིབ་ངོས་སུ་གསལ་ཞིང་གསལ་གྱིན་པའི་ཁྱེད།
དབྱངས་དང་གསལ་བྱེད་ཀྱི་རུས་རྐང་སྣུམ་པོའི་ཚིག་མཛོད་ཆེན་མོ་ཡིན།
བྱམས་དང་སྙིང་རྗེ་ཡི་ཐུགས་རྒྱུད་ཟབ་མོའི་བྱང་ཆུབ་སེམས་དཔའ་ཡིན།
ཉིན་དང་མཚན་འབྱེད་ཀྱི་དཀྱེལ་ཡངས་ཆེན་པོའི་སྟོན་མཆོག་རྒྱལ་བོ་ཡིན།

༼   གསུམ ༽
བླ་མ་ལགས།  ཁྱེད་ཉིད།
ཆར་དང་སྤྲིན་པས་མ་ཟིན་པའི་དུང་ཟླ་བཞིན་ག་ལེར་ཕེབས་པས་ན།
སྟོང་ཞིང་འཇགས་པའི་ཁོར་ཡུག་འདི།
སྐྱོ་ཞིང་དུབ་པའི་ཡུལ་ལུང་འདི།
འཁྱག་ཅིང་འཁོབ་ལ་མཆི་མས་ཟད་པའི་རིགས་རྒྱུད་འདི།
ཞོགས་པའི་སྐྱ་རེངས་ཀྱི་ཀློང་ན་དད་ཅིང་འདུར་གྱིན་འདུག་ལ།
དགོང་ཁའི་མཚམས་སྤྲིན་གྱི་ཀློང་ལ་བཞུར་ཅིང་འཐིམ་གྱིན་འདུག

༼   བཞི ༽
བླ་མ་ལགས།
ཉི་མའི་ཚ་དྲོད་ཁ་བས་བརྫུས་ཏེ་སེམས་པ་ཧ་ཅང་འཁྱག་པའི་ནམ་ཟླ་འདིར།
ངས་ཉམ་ཆུང་གི་ལག་པ་ཟུང་གིས་སྐྱབས་གསོལ་གྱི་སྨོན་ལམ་བཏུ་མཁན་གྱི།
རྒྱང་རིང་གི་གནམ་ས་ལྟ་བུའི་ཁྱེད་ཉིད་དྲན་འོང་།
ང་ཡི་ཕྱི་ནང་གསལ་བྱེད་ཀྱི་མེ་ལོང་ལགས།
སེམས་ཀྱི་སྙན་ངག་མཆི་མས་བརླན་ཞིང་གདུང་བ་རི་ལྟར་ལྕི་བའི་ལོ་ཟླ་འདིར།
ངས་ཉི་མ་ལྟ་བུའི་བརྩེ་བའི་འཛུམ་ཞལ་ལམ་ལམ་སྤྲོས་མཁན་གྱི།
ཁ་བ་གངས་རིའི་ཅོང་སྒྲ་ལྟ་བུའི་ཁྱེད་ཉིད་དྲན་འོང་།
བླ་མ་ལགས། བོན་བརྒྱ་བ། ཁྱེད་ནི།
གངས་རི་བཀྲུ་བའི་ཡོན་ཆབ་དང་ཉི་འོད་དབེན་པའི་སྐར་མའི་ཚོགས་ལ།
ཚེ་སྲོག་གི་སོས་ཀ་ལྟ་བུའི་ཞོགས་པའི་སྐྱ་རེངས་འདྲེན་མཁན་དང་།
ཆར་དང་རླུང་བུའི་གསེབ་ཀྱི་མར་མེ་ལྟ་བུའི་སྒེའུ་ཁུང་གསོ་མཁན་དེ་ཡིན་པས།
ཁྱེད་ཀྱི་རིས་མེད་ཀྱི་ལྟ་གྲུབ་དང་སྙིང་རྗེ་ཡི་འོད་ཐིག་གིས།
ང་ཚོའི་སེམས་པར་བསུབ་ཐབས་མེད་པའི་གཤེན་གྱི་ལྷ་དར་འཐེན་ཡོད།
བསྒྱུར་དུ་མེད་པའི་གཡུང་དྲུང་གི་རྡོ་རིང་བཙུགས་ཡོད།
བླ་མ་ལགས། བོན་བརྒྱ་བ།
ངའི་དུས་གསུམ་གྱི་ཕྱི་ནང་གསལ་བར་སྟོན་པའི་མེ་ལོང་ལགས།
༼   ལྔ ༽
བླ་མ་ལགས།
སྡུག་དང་མཆི་མའི་ཀློང་དུ་ཁྱེད་ཀྱི་ལོ་ཟླ་བཞུར་དུས།
ངས་ལོ་ཟླ་འདི་ཟོལ་གྱིས་སྟོང་བའི་གཟུགས་བརྙན་ཡིན་ན་བསམ།
གྲང་དང་རླུང་བུས་ཁྲོད་དུ་ཁྱེད་ཞལ་རྨི་ལམ་དུ་མཇལ་ན།
ངས་རྨི་ལམ་འདི་འདུ་འབྲལ་གྱིས་མ་ཟིན་པའི་རྟོག་བཏགས་ཤིག་ཡིན་ན་བསམ།
གང་ལྟར། རྒས་འཁོགས་ཀྱི་གཉེར་མ་བབས་པའི་ཐབ་ཚང་འདི་ནས།
ངས་ཁྱེད་ཀྱི་ས་ཆེན་ལ་མཛེས་ཉམས་སྤྱད་པའི་ལང་ཚོ་ཅི་ལ་མི་དྲན།
བླ་མ་ལགས།
དོ་ནུབ་ངས་གྱེས་བྲལ་གྱི་སེམས་པ་གནམ་སའི་མཐའ་ལ་སྤྱུགས་ཏེ།
རྒྱང་རིང་གི་ཁྱེད་ཉིད་མཚོན་བྱེད་དུ།
བརྩེ་བ་ཡོད་ཚད་ཡི་གེ་ཆུང་ཆུང་ཞིག་གི་གསེབ་ཏུ་བཅུག་ཡོད།
དུང་བ་མ་ལུས་ཟབ་ཅིང་ལྟུང་བའི་མཚེའུ་ཞིག་གི་གཏིང་དུ་སྦས་ཡོད།
༼   དྲུག༽
བླ་མ་ལགས། བོན་བརྒྱ་བ།
མྱུར་དུ་སླར་འབྱོན་པར་ཞུ།
ཡིད་ཀྱི་གདེངས་ཀར་རྩེན་པའི་གཤེན་གྱི་གསུང་དབྱངས་ལྷན་དུ།
སྔོ་ཡུག་ཡུག་གི་ནམ་མཁའི་བང་རིམ་ནས།
དཀར་གསལ་གསལ་གྱི་གངས་རིའི་པང་བ་རུ།
ཁྱེད་ཞལ་ཉི་མའི་དཀྱིལ་འཁོར་སེར་པོ་མྱུར་དུ་འབྱོན་པར་ཤོག
གསུང་དབྱངས་བདུད་རྩིའི་གྲུ་ཆར་དྭངས་མོ་མྱུར་དུ་འཇོ་བར་ཤོག
ངས་ནི་མ་ཡུམ་ལྟ་བུའི་ཁྱེད་ཀྱི་བརྩེ་བ་འཁྱིལ་བའི་གླིང་ཀ་འདི་རུ།
སྨྲེང་སིང་སིང་གི་སེམས་པ་སེམས་པས་འཚོས་ཏེ།
འཁྱགས་སབ་སིབ་ཀྱི་ལོ་ཟླ་མཆི་མས་བསྐྱལ་བཞིན།
སྔོན་ཆད་སྔོན་ཆད་ཀྱི། རྒྱང་རིང་རྒྱང་གི
ཁྱེད་ཀྱི་ཕ་ཁྱིམ་དྲོན་མོ་དེར་སེམས་པ་གླན་བཞིན་ཕེབས་པར་སྒུག་ཡོད།
བླ་མ་ལགས།

གྱེར་འདོན་པ་རྣམ་གཉིས།
རྩོམ་འདིའི་རྩ་གཉིས་ཨང་།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།