བསྟོད་པ་བདེན་བརྗོད་མ།

མཁས་པ་ལས་ཀྱང་རབ་མཁས་པ།།
སྤྱན་ལྔ་ལྡན་པས་ཐམས་ཅད་གསལ།།
རྒྱལ་བ་མཚན་ལྡན་གང་ཞབས་ལ།།
ལྷ་ཕྱག་དང་བཅས་བསྔགས་པར་བྱ།།
ཞེས་དབྱངས་ཨ་ངེས་པའོ།།
མཚན་དཔེ་མེ་ཏོག་བཞད་པའི་དཔལ།།
ཉིན་འདིར་བྱིན་ལྡན་གདན་ས་ཆེར།།
ཉིན་ཡང་ཉི་ཟླ་སྐར་གསུམ་ཤར།།
ས་ན་ཨུད་འབར་མེ་ཏོག་འཁྲུངས།།
ཞེས་རྒྱལ་བ་མཉམ་མེད་ཆེན་པོ་སྐུ་འཁྲུངས་ཉིན་ཟླ་དང་པོའི་ཚེས་ལྔ་འདི་ལ་གདན་ས་ཆེན་པོ་སྨན་རི་ནས་ལོ་རེ་བཞིན་ཉིན་གུང་ཉི་ཟླ་སྐར་གསུམ་དུས་གཅིག་ཏུ་གསལ་ལེར་མཐོང་ཐུབ་པ་དང་། གླིང་བར་གྱི་ཕྱོགས་ཀུན་ཏུ་མེ་ཏོག་སྣ་ཚོགས་བཞད་པ་བཅས་ངོ་མཚར་བའི་བལྟས་བཟང་ཉག་གཅིག་གོ།  སུ་ཞིག་ཚུལ་འདིར་ཡིད་གྱ་གྱུའི་ཐེ་ཚོམ་ཡོད་ན་དུས་ཆེན་ཉིན་གནས་དེར་མཇལ་ན་རྩེ་གཅིག་དད་པའི་སྤུ་ལོང་གཡོ་བར་ངེས།།

ཆུ་བོ་གསེར་ལྡན་འགྲམ་ངོགས་ནས།།
ཙོང་ཁ་བློ་བཟང་གྲགས་པ་ཡིས།།
མི་ཕྱེད་གུས་པས་བསྟོད་ཕྱག་ཉིད།།
ཕྱོགས་ཀྱི་བུ་མོའི་མགྲིན་ན་སྙན།།
ཞེས་ཆོས་རྗེ་ཙོང་ཁ་བ་བློ་བཟང་གྲགས་པས་བོན་གྱི་ཁྱུང་བོ་བླ་མ་རང་གྲོལ་རྒྱལ་མཚན་མཆོག་གི་ཞབས་པད་ཉིན་མཚན་བཅུ་བཞིར་བསྟེན་པ་དང་ཕྱིས་སུ་ཆུ་བོ་འབྲི་ཆུའི་ཁ་ནས་དཔལ་རྒྱལ་བ་མཉམ་མེད་ཆེན་པོ་ལ་བསྟོད་ཕྱག་ཤོ་ལོ་ཀ་ཕུལ་བའོ།།

གྲུབ་མཐའི་རྒྱལ་བོ་གཡུང་དྲུང་བོན།།
དེ་ཡི་གཙུག་རྒྱན་མཉམ་མེད་ཅེས།།
བསྟོད་པ་རྣམ་རྒྱལ་ཁང་བཟང་གིས།།
ཁྱེད་མཚན་འཁོར་འདས་རྩེ་ལ་བཀོད།།
བསྟན་པ་ཐམས་ཅད་ཀྱི་ཡང་སྙིང་གྲུབ་མཐའ་ཀུན་གྱི་རྒྱལ་བོར་ངེས་པ་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་དུ་གྱུར་བའི་ཚུལ་ནི་འདི་ལྟ་སྟེ།དམུ་གཤེན་ཉི་མ་རྒྱལ་མཚན་ལ་རྒྱལ་བ་སྲས་དང་བཅས་པས་སྙན་དུ་བརྒྱུད་པའི་བསྟོད་པ་རྣམ་རྒྱལ་ཁང་བཟང་ན་“བྲུ་ཞུ་སྤ་རྨེའུ་གཙུག་རྒྱན་རིན་པོ་ཆེ་”ཞེས་མངོན་པར་བསྟོད་པ་ལས་ཤེས་སོ།།

མཁའ་ལ་འཕུར་ནས་ཆེ་བ་ངོམས།།
འཕྲུལ་སྒྲོན་རྣམ་ལྔ་མཁས་རྟགས་བཞག།
ཐུགས་སྲས་གཉིས་དང་མཆོག་ཆེན་བཅུ།།
བརྒྱུད་འཛིན་རིམ་བྱོན་འཛམ་གླིང་རྒྱན།།
ཞེས་རྒྱལ་བ་གཤེན་གྱི་སྟོན་པ་དམུ་རྒྱལ་ཉི་མ་རྒྱལ་མཚན་དང་ལྷན་དུ་བོན་གྱི་ཆེ་རྟགས་སྟོན་ཕྱིར་ནམ་མཁའི་ཉི་ཟེར་འོག་ཏུ་ལན་གཉིས་འཕུར་བ་དང་རྗེས་བཞག་བཀའ་རྟེན་གསུང་པོད་བཅུ་ལྷག་དང་ཞལ་སློབ་ཐུགས་སྲས་གཉིས་དང་མཆོག་ཆེན་བཅུ་བྱོན་པ།  བརྒྱུད་འཛིན་བསྟན་པའི་བདག་ཉིད་མཁན་རབས་སོ་བཞི་རིམ་པར་བྱོན་པ་ལེགས་སོ།།  
དུས་ཆེན་གྱི་དགུང་སྲོད་ལ་ཁྲི་བསྟན་དར་ནས་།།
        ༢༡༠༨.  ༡.   ༥.

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།