སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེའི་ཐུགས་འཕྲིན།

         ༄༅། །ཀྱེ་མ་ཀྱི་ཧུད། དཔལ་ལྡན་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་བསྡུས་ཤིང་། གསེར་ཞལ་ཉི་མ་གཞོན་ནུ་རེ་ཞིག་ཆུ་ལྷའི་ཕང་བར་བཞུད་པ་ནི། ཇི་སྐད་དུ། སློབ་དཔོན་ལི་ཤུའི་ཞལ་ནས། འཆི་བ་ཡང་ཡང་མི་དྲན་ན། །དགེ་སྦྱོར་བྱེད་ཟེར་རྫུན་པོ་ཡིན། །སློབ་གཉེར་རེམ་ཡང་བསོད་ནམས་འདོད། །བསྒྲུབ་པ་རེམ་ཡང་རྐྱེན་གྱིས་བདས། །དགེ་རྩ་རེམ་ཡང་ཁེ་གྲགས་ཡིན། །བོན་བཤད་མཁས་ཀྱང་ཁ་གཏམ་ཡིན། །དགེ་སྦྱོར་རེམ་ཡང་ཚུལ་འཆོས་ཡིན། ། ཞེས་གསུངས་པ་ལྟར། གདུལ་བྱ་རྟག་འཛིན་ཅན་རྣམས་སུན་དབྱུང་བའི་ཕྱིར། མཛད་པ་མཐའ་མའི་ཚུལ་བསྟན་པའི་སྐབས་འདིར། ངེད་བོན་འབངས་ཡོངས་ཀྱི་ཡིད་ལ་སྐྱོ་གདུང་གི་མུན་པས་གཡོགས་ཤིང་། གདོང་ལ་མཆི་མ་དང་ངག་ལ་སྨེ་ངག་ཁོ་ནས་དུས་འདས་ན་ཅི་ཡང་མི་འོང་སྙམ་ནས། གཞིས་བྱེས་ཀུན་ན་ཡོད་པའི་སྐལ་ལྡན་གྱི་སྐྱེ་བོ་རྣམས་ཀྱིས་རང་རང་གི་གནས་སུ་སྐྱབས་མགོན་རིན་པོ་ཆེའི་དགོངས་རྫོགས་ཀྱི་དགེ་རྩར་ཅི་ནུས་ཀྱིས་འབད་དགོས་ལ། དེ་ཡང་བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ནས་ཚོགས་འཁོར་བཟང་པོ་རེ་བསྐོར་ཅི་ཐུབ་དང་། བླ་མའི་ཐུགས་ཡིད་གཅིག་ཏུ་བསྲེས་ནས་དབང་བཞི་ལེན་པའི་ཐབས་ལ་འབད་དགོས་པ་དང་། མཇུག་འཁོར་གསུམ་དམིགས་མེད་ཀྱི་རྩིས་ཟིན་པའི་ངོས་ནས་བསྔོ་སྨོན་ཡང་དག་པ་ཞིག་གིས་བསྡུ་དགོས་པ་ཤིན་ཏུ་ནས་གལ་ཆེ་བར་མཐོང་ནས། འདི་ན་ཉིན་མཚན་དབྱེར་མེད་དུ་དགོངས་རྫོགས་ཀྱི་དགེ་རྩར་རེམ་བཞིན་ཡོད་ན། སྐྱབས་མགོན་མཆོག་གིས་དྭ་ཕྲུག་མས་བོར་ལྟ་བུའི་ངེད་ཅག་རྗེས་འཇུག་གི་ཉམ་ཐག་བོན་འབངས་ཡོངས་ལ་ཐུགས་བོན་སྐུའི་ངང་ལས་མི་གཡོ་ཞིང་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པ་ནམ་ཡང་ལྷོད་མི་ཉན་པའི་གསོལ་བ་ཡང་ཡང་དུ་འདེབས་པ་པོ་ནི་སྐྱང་གི་སྤྲུལ་མིང་བ་ནམ་མཁའ་བསྟན་འཛིན་ལགས་སོ།།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།