ལྷ་ཀླུ་མི་གཤེན་དགྱེས་པའི་བཤད་པ་དུང་གི་སྒྲ་དབྱངས།

ལྷ་ཀླུ་མི་གཤེན་དགྱེས་པའི་བཤད་པ་གཡས་འཁྱིལ་དུང་གི་སྒྲ་དབྱངས།

              ཁྱུང་དཀར་ཟླ་བ།

༄༅། །མཆོད་ཨཱོྃ་ཨ་ཧཱུཾཿ མཆོད་ཨཱོྃ་ཨ་ཧཱུཾཿ མཆོད་ཨཱོྃ་ཨ་ཧཱུཾཿ ༧ ཡ་ད། དེ་རིང་དགུང་སྔོན་གནམ་ལ་བལྟས་ན། དགུང་སྔོན་པོའི་དབྱིངས་ནས་ཉི་ཟླ་ཤར་ཚུལ་ཡག་གི། སྟོང་བ་བར་སྣང་ཁམས་ལ་བལྟས་ན། བར་ན་གཟའ་སྐར་གྱི་རྒྱུ་བ་བཟང་གི། དོག་མོ་ས་ཡི་གཞི་ལ་བལྟས་ན། ས་དོག་མོ་འདིའི་དུས་འགྱུར་ཡག་ནོ། འཛོམས་གསུམ་འཛོམས་པའི་སྐལ་བ་བཟང་པོ་འདི་ལ། ངས་མཆོད་གསུམ་གྱི་མཆོད་ཁ་དང་པོ་མི་མངོན་པའི་དབྱིངས་ལ་མཆོད་དགོས་ཀི། བོན་སྐུ་ཀུན་ཏུ་བཟང་པོ་མཆོད། རྫོགས་སྐུ་གཤེན་ལྷ་འོད་དཀར་མཆོད། སྤྲུལ་སྐུ་གཤེན་རབ་མི་བོ་མཆོད། མ་ཅིག་བྱམས་ཆེན་ལྷ་མོ་མཆོད། བླ་མ་ཡི་དམ་མཁའ་འགྲོ་མཆོད། དམ་ཅན་བོན་སྐྱོང་སྲུང་མ་མཆོད། ཡུལ་ལྷ་གཏེར་བདག་གི་རིགས་འདི་ཚོར་མཆོད་གསུམ་མཆོད་ཁ་རེ་ཟོ་འབུལ་ན། མཆོག་དང་ཐུན་མོང་གི་དངོས་གྲུབ་འབྱུང་ས་ཟིག་རེད་ལ་ཟེར་རྒྱུ།

༧ ཡ་ད། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་རབས་མདོར་བསྡུས་ཙམ་ཟིག་བཤད་ན། མཆོད་གསུམ་མཆོད་ཁ་གཉིས་པ་འདི་ཞང་ཞུང་སྒོ་ཕུག་བར་གསུམ་ལ་མཆོད་དགོས་ཀི། བླ་རི་གངས་རྒྱལ་ཏི་སེ་འདི་མཆོད་དགོས་ཀི ། བླ་མཚོ་མ་ཕམ་གཡུ་མཚོ་འདི་མཆོད་དགོས་ཀི། ཡུལ་ཡར་ལུང་སོག་ཀ་འདི་མཆོད་དགོས་ཀི། མཁར་བར་པོ་སོ་བརྒྱད་འདི་མཆོད་དགོས་ཀི། འདི་རྒྱལ་བ་སྟོན་པ་གཤེན་རབ་མི་བོ་འཁྲུངས་ས་ཡིན་ནོ། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་དབུ་བརྙེས་ས་ཡིན་ནོ། བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་ནས། བཀའ་ཡི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ཟིག བཀའ་དང་པོ་ཐེག་པ་རིམ་པ་དགུ་རུ་གསུངས་ཟིག བར་བ་སྒོ་བཞི་མཛོད་དང་ལྔ་རུ་གསུངས་ཟིག ཐ་མ་ཕྱི་ནང་གསང་བ་གསུམ་དུ་གསུངས་ཟིག། སངས་པོ་འབུམ་ཁྲི་སྟོན་པ་གཤེན་རབ་ཀྱིས། ཐབས་དང་ཤེས་རབ་ཟུང་དུ་སྦྲེལ་ནས། ཕུག་པའི་ཡུལ་ལ་སྤུངས་ཆེན་སྤུངས་ཆུང་། བར་བའི་ཡུལ་ལ་སྨར་ཆེན་སྨར་ཆུང་། སྒོ་བའི་ཡུལ་ལ་གཟབ་བཤར་ལ་སོགས། འཕྲུལ་ཡིག་བཞི་བཅུ་གཏན་ལ་ཕབ་ཟིག གསུང་རབ་ཁྲི་དང་འབུམ་དུ་བྲིས་ཟིག འདི་ནས་བཟུང་སྟེ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་དབུ་བརྙེས་ཟིག་ཟེར་རྒྱུ་ཅན་ཟིག་རེད་ལ་ཟེར་རྒྱུ།

༧ ཡ་ད། གདུང་སོབ་སྟོན་པ་མུ་ཆོ་ལྡེམ་དྲུག་བྱོན་ནས། སྟོན་པའི་བཀའ་ལ་ཀློག་བཤད་བྱས་ཟིག བཀའ་བརྟེན་དགོངས་འགྲེལ་ལོ་གསུམ་མཛད་ཟིག ༧ ཡ་ད། མཆོད་ཅིག་མཆོད་ལ་སྟོད་ཀྱི་བླ་མ་ཆེ་དྲུག་མཆོད། བར་གྱི་གདུང་རྒྱུད་བཅུ་གསུམ་མཆོད། འཛམ་གླིང་མཁས་པ་རྒྱན་དྲུག་མཆོད། སྨད་ཀྱི་མཁས་པ་མི་བཞི་མཆོད། རིག་འཛིན་ལོ་པཎ་གཤེན་བརྒྱད་མཆོད། བོན་ཆེན་བཞི་བཅུ་དྲན་པ་ཡབ་སྲས་སོགས། ཞབ་བོད་གྲུབ་ཆེན་བརྒྱད་ཅུ་མཆོད། ཨ་མདོའི་མཁས་གྲུབ་བཅོ་བརྒྱད་མཆོད། གཏེར་སྟོན་གཤེན་གྱེར་རྨ་དབྱིལ་མཆོད། སྲོལ་འཛིན་བྲུ་ཞུ་སྤ་རྨེའུ་མཆོད། མདོར་ན་རྒྱལ་རབས་སུམ་ཅུ་རྩ་གཉིས་རིང་ལ། བོན་མདོ་སྔགས་རྫོགས་གསུམ་གྱི་བསྟན་པ་བླ་ནས་བླ་རུ་དར་ཟིག་ག་ཟེར་རྒྱུ།

༧ ཡ་ད། ངས་མཆོད་གསུམ་མཆོད་ཁ་གསུམ་པ་འདི་ཡུལ་མདོ་སྨད་ཕྱོགས་ལ་མཆོད་དགོས་ཀི། མཁས་པ་གསེར་ཐོག་ལྕེ་འབྱམས་འཁྲུངས་ནས། རྨ་ཁྲོམ་ར་གསུམ་ལ་བསྟན་པ་སྤེལ་ཟིག ཀ་ཆུའི་གཙུག་ཕུད་རྒྱལ་བ་འཁྲུངས་ནས། འདུལ་བའི་བསྟན་པ་ལྷག་ཏུ་དར་ཟིག མདོ་སྨད་མཁན་པོ་མུ་ཟི་གསལ་བཟང་། ཁྲི་ཀའི་རྨ་རི་དེའུ་གསུམ་ཕྱོགས་ནས། མི་ལོ་དུ་མར་འགོག་པར་བཞུགས་ཟིག ༧ ཁྱད་པར་བསྟན་པ་སྔ་དར་རིང་ལ། མདོ་སྨད་བྱང་ཕྱོགས་ཨཀྟ་རོང་ནས། འཛམ་གླིང་རྒྱན་དྲུག་ཞབས་ཀྱིས་ཟིན་པའི། སློབ་དཔོན་དྲན་པ་ནམ་མཁའ་མཆོད། བྱང་ཕྱོགས་གོང་མོ་གུར་ཁང་འདི་ནས། བྲག་དམར་པོ་སྟེང་ལ་རྒྱལ་མཚན་བཙུགས་ནོ། ཕྱག་རྗེས་དང་ཞབས་རྗེས་ཕབས་ནོ། ཨ་དཀར་སལེ་རང་བྱོན་དུ་བབས་ནོ། འདིའི་རྒྱབ་ན་སྲིད་རྒྱལ་བླ་རི་དཔངས་མཐོ་གི། མདུན་ན་བྲག་བཙན་ཟངས་རི་བརྗིད་ཆེ་གི། བསྙེན་སྒྲུབ་ལས་གསུམ་གྱི་ཉམས་ལེན་མཐར་ཕྱིན་མཛད་ཟིག སློབ་དཔོན་ཕུང་བོན་མགོ་དམར་ལགས་ཀྱིས། ཨ་བ་ངོས་བཟང་གི་དགོན་པ་བཏབས་ཟིག སློབ་དཔོན་བླ་མ་དོར་ནག་ཚང་གིས། མདོ་སྨད་དབྱར་མོ་ཐང་ཤེད་འདི་ནས། དབལ་མོ་གནས་ཀྱི་དགོན་པ་བཏབས་ཟིག ༧ ཡང་ཁྱད་བསྟན་པ་ཕྱི་དར་སྐབས་སུ། དབལ་རམས་འབུམ་པའི་བསྐྱེད་རྫོགས་དོན་ལ། མངའ་བརྙེས་གྲུབ་ཐོབ་རྣམ་པ་གསུམ་གྱིས། ས་འབལ་ཚའི་ཉག་དམར་སྣ་ཁ་འདི་ནས། ཀླུ་བདུད་བཙན་གསུམ་དམ་ལ་བཏགས་ནས། བཙན་གྱི་སྡོང་བོ་ཟན་གྱི་གཏོར་མས་བཅད་ཟིག དབལ་གྱི་ཕྱག་ཆ་ཕུར་སྐུ་བཟོས་པས། སྔགས་འཆང་རིག་འཛིན་ཕུར་ཐོགས་སྟོང་དང་དགུ་བརྒྱ་འབྱོན་པའི་རྟེན་འབྲེལ་འདི་ནས་འགྲིག་ཟིག་ག་ཟེར་རྒྱུ།

༧ ཡ་ད། རྩེ་ཞིག་ཆོས་རྗེ་བླ་རབས་རིམ་བྱོན་མཆོད། སྐྱང་སྟོན་རྒྱལ་བའི་དབང་པོ་རིམ་བྱོན་མཆོད། ཁྱད་པར་དུ་བདག་ཅག་བུ་སློབ་ཡོངས་ཀྱི་སྤྱི་བོའི་གཙུག་རྒྱན་དུ་གྱུར་བའི་འདྲེན་པ་ཆེན་པོ། དཔལ་ལྡན་རྩ་བའི་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་ཁོང་རིགས་ལ་མཚོན་ན། དང་པོ་གདུལ་བྱ་སེམས་ཅན་འདྲེན་ཕྱིར་ཡུལ་མདོ་སྨད་རེབ་གོང་མག་སར་སྡེ་ནས་སྤྲུལ་བའི་སྐུར་བཞེངས་ཟིག བར་དུ་གྲུབ་མཐའ་རིས་མེད་ཀྱི་མཁས་དབང་དུ་མའི་མདུན་ནས་ཕྱི་ནང་རིག་གནས་ཀུན་ལ་ཐེ་ཚོམ་གྱི་སྒྲོ་འདོགས་བཅད་ཟིག དུས་ད་ལྟའི་བསྐལ་བ་བཟང་པོ་འདི་ལ། འཛམ་གླིང་ཡུལ་ཁམས་ཞབས་ཀྱིས་བསྒྱུར་ནས། མདོ་སྔགས་རྫོགས་གསུམ་བསྟན་པའི་དོན་ལ། རིག་པའི་རྩལ་གྱིས་ཕུ་ཐག་བཅད་ཟིག རང་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་ནས། རྒྱལ་བ་བྲུ་ཡི་རིང་ལུགས་འཛིན་པའི། དཔལ་ལྡན་སྨན་རིའི་བཀའ་སྲོལ་བསྐྱངས་ཟིག ངུར་སྨྲིག་འདུལ་འཛིན་བརྒྱ་ཕྲག་ལྷག་གིས། སྐྱབས་རྗེ་བླ་མའི་ཐུགས་བཀོད་བཞིན་དུ། བཤད་སྒྲུབ་སྒོམ་གསུམ་གྱི་ཉམས་ལེན་བསྐྱངས་ཟིག ཡ་ད། གོས་དཀར་ལྕང་ལོ་ལྡན་པའི་དཔོན་གསས་སྔགས་འཆང་གི་སྡེ་ཟོ་བཤད་ན། རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི། རིག་འཛིན་འདུས་པ་རྒྱ་མཚོ་འདི་ཡིས། བོན་སྟོན་དྲན་པ་ནམ་མཁའ་དང་། རེབ་གོང་གྲུབ་ཐོབ་རྣམ་གསུམ་གྱི་ཕྱག་སྲོལ་མ་ཉམས་པར། དཔལ་ལྡན་བླ་མའི་ཐུགས་བསྐྱེད་བཞིན་དུ། སྒྲུབ་སྡེ་ཉི་ཤུ་རྩ་གཅིག་སོགས་ནས། བསྙེན་སྒྲུབ་ལས་གསུམ་གྱི་བསྟན་པའི་རྒྱུན་བསྐྱངས་ཟིག བཙན་གྱི་རལ་གྲི་གནམ་ལ་འཕྱར་ན། དགུང་སྔོན་པོའི་སྤྲིན་ཁ་ཤག་སེ་གཏོར་གི གཉན་གྱི་ཕུར་བུ་ས་ལ་བརྡབས་ན། ས་དོག་མོའི་རྐེད་པ་ལྷེམ་སེ་གཏོང་གི། ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས་ནས། ཡུལ་ཁམས་ཐབས་ཅད་བདེ་ལ་བཀོད་ཟིག གསང་སྔགས་རྫོགས་པ་ཆེན་པོའི་དབུ་འཕང་དགུང་ལ་བསྟད་ཟིག མདོར་ན་མ་ཧཱ་པཎྚི་ཏ་ཆེན་པོ་ཁོང་གིས་སྐུ་ཚེགས་དང་དཀའ་ལས་ལ་མ་འཛེམས་པར་༼ལོ་རྒྱུས་ཤེལ་གྱི་རྒྱང་མཐོང་༽ལ་སོགས། གསུངས་རབ་པོ་ཏི་བཅུ་ཕྲག་ལྷག་ཙམ། འཛམ་གླིང་མཁས་པའི་སྤྱན་སྔར་ཕུལ་ནས། ཕྱི་ནང་མཁས་རྒུའི་ཡིད་དབང་འཕྲོག་ཟིག སྐལ་ལྡན་གྱི་བུ་སློབ་སྐར་ཚོགས་བཞིན་དུ་འཕེལ་ཟིག ཡང་ཁྱད་གུས་པ་བདག་ལ་མཚོན་ན་དྲིན་ཆེན་གྱི་རྩ་བའི་བླ་མ་རིན་པོ་ཆེས་རྗེས་སུ་བཟུང་ནས། ལྷ་རིས་སྒྱུ་རྩལ་གྱི་མན་ངག་བུམ་པ་གང་བྱོའི་ཚུལ་དུ་གནང་ནས་བླ་ན་མེད་པའི་དྲིན་གྱི་བསྐྱངས་ནོ་གི། དེ་རིང་འདི་ནས་སྐལ་བ་བཟང་པོ་གི་གོ་སྐབས་འདི་དང་བསྟུན་ནས། ངེད་བཟའ་ཚང་གང་བོས་སྐྱབས་རྗེ་བླ་མའི་སྐུ་ཚེ་བསྐལ་བརྒྱར་བསྟན་པའི་བཀྲ་ཤིས་རྟེན་འབྲེལ་གྱི་ཚུལ་དུ་སྙན་མོ་གླུ་ཡི་མཆོད་པ་རེ་འབུལ་ན། འདིར་བཞུགས་བླ་གྲྭ་སྐྱ་སེར་ཕོ་མོ་རྒན་གཞོན་ཀུན་གྱི་སྙན་དབང་གསོ་བའི་བདུད་རྩི་རུ་འགྱུར་བར་སྨོན་ཟེར་རྒྱུ།

 

དྲིན་ཆེན་བླ་མ་གླུ་ཡིས་མཆོད།
                                                        མུ་འབྲེལ་རྡུང་ལེན།
ཁྱུང་དཀར་ཟླ་བ།

སྟག་ལ་འབུམ།

         དེ་རིང་གནམ་ལོ་གསར་བའི་དགའ་སྟོན་རེད། །

         ཉི་ཟླ་སྐར་གསུམ་འཛོམས་པའི་དུས་བཟང་རེད། །

         ཕུན་ཚོགས་དགེ་ལེགས་འབྱུང་བའི་སྐལ་བཟང་འདིར། །

         དྲིན་ཆེན་རྩ་བའི་བླ་མར་གླུ་གསུམ་འབུལ། །

 

དེ་རིང་ང་ཚོ་བོན་བརྒྱ་དགོན་པར་འཛོམས། །

གླུ་ངག་སྙན་མོས་མཆོད་པ་ལན་གསུམ་འབུལ། །

བོན་གཤེན་བསྟན་པའི་མངའ་ཐང་དར་བ་དང་། །

བླ་མའི་སྐུ་ཚེ་བསྟན་པའི་སྨོན་ལམ་འདེབས། །

 

གཡུང་འབུམ་རྒྱལ།

དེ་རིང་གནམ་ལོ་གསར་བའི་དགའ་སྟོན་རེད། །

བོན་གཤེན་བུ་སློབ་བརྒྱ་ཚོགས་སྟོང་འདུས་རེད། །

དགའ་སྐྱིད་འཛོམས་པའི་གླུ་སྒྲ་སྙན་མོ་འདི། །

དེ་རིང་བླ་སློབ་དགྱེས་པའི་སྐྱེས་སུ་འབུལ། །

 

སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བཅུད། །

ཐུགས་ལ་རྫོགས་པའི་ཀུན་མཁྱེན་བོན་བརྒྱ་རྗེ། །

སྐུ་ཚེ་བསྐལ་བརྒྱལ་བསྟན་ཞིང་མཛད་པའི་འཕྲིན། །

ནམ་མཁའི་མཐའ་དང་མཉམ་པའི་རྟེན་འབྲེལ་ཞུ། །

 

 

བན་དེ་འཚོ།

དྲིན་ཆེན་བླ་མ་དགུང་གི་ཉི་མ་འདྲ། །

ཐུགས་རྒྱུད་བྱིན་རླབས་ཉི་མའི་འོད་ཟེར་འདྲ། །

གདུལ་བྱ་པདྨོའི་ཚོགས་རྣམས་སྐྱོང་མཛད་པའི། །

སྐྱབས་རྗེ་བླ་མའི་སྐུ་ཚེ་བརྟན་པར་ཤོག །

 

སྟོན་ན་གངས་དཀར་ཏི་སེ་གཟི་འོད་འབར། །

བར་ན་མ་ཕམ་གཡུ་མཚོ་ལྟེམས་སེ་ལྟེམས། །

སྨད་ན་བླ་མའི་བྱིན་རླབས་ཚན་ཁ་འབར། །

གཤེན་རབ་བསྟན་པའི་དབུ་འཕང་མཐོ་བའི་རྟགས། །

 

མཁའ་འབུམ་ཚེ་རིང་།

འཛམ་གླིང་མཁས་མང་དབུས་ན་གྲགས་སྙན་འབར། །

མདོ་སྨད་བྱང་བརྒྱུད་བསྟན་པའི་བདག་པོ་ཡིན། །

འདི་ཕྱིའི་ལམ་སྣ་འདྲེན་པའི་སྟོན་པ་ཡིན། །

བླ་མའི་མཛད་འཕྲིན་སྲིད་གསུམ་ཡོངས་ལ་ཁྱབ། །

 

དབང་ལུང་ཁྲིད་ཀྱི་གདམ་པས་ལམ་སྟོན་གནང་། །

ལྷ་རིས་སྒྱུ་རྩལ་མང་ངག་བཅུད་བཟང་བསྩལ། །

བུ་བཞིན་བསྐྱངས་པའི་བླ་མ་རིན་པོ་ཆེའི། །

ཚད་མེད་བཀའ་དྲིན་སྙིང་གི་དབུས་ན་གསལ། །

 

མཉམ་ལེན།

ཉི་ཟླ་སྐར་གསུམ་ཨ་སྔོན་དབྱིངས་ཀྱི་རྒྱན། །

དྲན་པ་ཡབ་སྲས་ཁམས་གསུམ་སེམས་ཅན་རྒྱན། །

གྲུབ་ཐོབ་རྣམ་གསུམ་རེབ་གོང་བོན་མང་རྒྱན། །

གཤེན་རབ་བསྟན་པ་དར་བའི་བཀྲ་ཤིས་ཤོག །

 

དྲིན་ཆེན་བླ་མ་སེར་པོ་ཁྲི་ལ་བཞུགས། །

བུ་སློབ་མང་པོས་གཡས་གཡོན་གྲལ་མཐའ་བསྐོར། །

ལྷ་དང་སྲུང་མས་ནམ་མཁའ་བར་སྣང་ཁེངས།།

འཛོམས་གསུམ་འཛོམ་པའི་བཀྲ་ཤིས་བདེ་ལེགས་ཤོག །

༢༠༡༤.༡.༡༥

 

ལྷ་ཀླུ་མི་གཤེན་དགྱེས་པའི་བཤད་པ་དུང་གི་སྒྲ་དབྱངས།” སྟེང་དུ་དཔྱད་མཆན 1 ཡོད།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།