༄༅།།མཁས་དབང་བོན་བརྒྱ་རིན་པོ་ཆེའི་བསྟན་རྩིས་དང་དཔྱད་རྩོམ་ཕྱོགས་བསྒྲིགས།
རྩོམ་པ་པོ། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། གངས་རིའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་བསིལ་ལྡན་བོད་ཀྱི་ཡུལ་ཁམས་འདིར། རང་བྱུང་གི་བཀོད་པ་ཚར་དུ་དངར་ཞིང་ཡུལ་བབ་དང་གནམ་གཤིས་ཀྱི་དྲོད་གྲང་སྙོམས་པ། རི་སུལ་ལུང་རྒྱུད་ཀྱི་ས་གཞི་ཡངས་ཤིང་། ཕྱི་སྣོད་ཀྱི་བཀོད་པ་དང་་ཐོན་རྫས་ཕུན་སུམ་ཚོགས་པས་ཐུན་མིན་གྱི་ཁྱད་བོན་བརྒྱད་དང་ལྡན་པ་མ་ཟད། ནང་བཅུད་ཀྱི་འགྲོ་བ་ཀུན་ཀྱང་ལས་ལ་བརྩོན་ཞིང་གཞུང་རྒྱུད་དྲང་བ། བློ་གྲོས་ལྡན་ཞིང་སྨྲ་བར་མཁས་པ། དཔའ་མཛངས་ཆེ་ཞིང་སྤོབས་པའི་ངང་དང་ལྡན་པ་སོགས་དུས་རིམ་རིང་བོའི་ལོ་རྒྱུས་ཀྱི་འཕེལ་རིམ་བསམ་གྱིས་མི་ཁྱབ་པས་ན། བོད་ཀྱི་རིག་གནས་ཀྱང་རྒྱུན་ཆད་དང་ཉམ་ང་མེད་པར་གོང་ནས་གོང་དུ་འཕེལ་བར། ཕྱི་ནང་རྒྱལ་ཁབ་ཀུན་ལ་ངོམས་རིན་ལས་ངོ་གནོངས་མི་དགོས་པའི་ཆོས་ལུགས་ལོ་རྒྱུས་དང་། སྐད་དང་ཡི་གེ རིག་གནས་སྒྱུ་རྩལ། སྒྲ་ཚད་གསོ་རིག རྩིས་དང་ལྡེབས་རིས། ཡུལ་སྲོལ་གོམས་གཤིས་སོགས་ལ་དཔྱོད་ཤེས་དང་ཞིབ་འཇུག་ཡང་དག་ཏུ་སྤེལ་བ་ནི་ལོ་རྒྱུས་ཀྱི་རིན་ཐང་གསེར་ལས་དཀོན་པའི་ཕན་ནུས་དང་དོན་སྙིང་ཆེས་ཆེར་ལྡན་པ་རེད། ཡང་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་པ་དང་རང་མི་རིགས་ཀྱི་མཁས་དབང་རྣམས་ཀྱིས་བོད་རིག་པའི་བྱུང་འཕེལ་ལ་ཞིབ་འཇུག་རགས་ཙམ་དཔྱད་རྒྱུ་ལས་ལོ་རྒྱུས་གཏིང་ཟབ་དུ་ལོན་དཀའ་བ་འདི་ཡང་ཆུ་མགོ་གངས་དང་ཆོས་རྩ་བོན་ལ་ཐུག་པའི་དཔེ་ལྟར་གྱུར་བས། བོད་ཀྱི་ཤེས་རིག་གི་བྱུང་ཁུངས་དྲང་བདེན་དུ་སྨྲ་བར་མ་འདོད་པ་དེ་རེད། ཚུལ་དེར་དམིགས་ནས་མཁས་དབང་བོན་བརྒྱ་་མཆོག་གིས་གྲུབ་མཐའ་ཀུན་གྱི་གཞུང་ལུགས་དང་ལོ་རྒྱུས་རྣམས་ལ་དཔྱད་གསུམ་ཚད་མ་ཡང་དག་གིས་གཞལ་ཞིང་། ཕྱོགས་དང་རིས་སུ་མ་ལྷུང་བར་བདེན་དོན་གྱི་ལོ་རྒྱུས་དམིགས་སུ་བཟུང་སྟེ། བོད་ཀྱི་ཡི་གེ་ཇི་ལྟར་བྱུང་ཚུལ་དང་། རྒྱལ་རབས་རིམ་བྱོན་གྱི་ལོ་ཚིགས། བོད་སྲིད་འཕྲོག་རྩོད་ཀྱི་ཕམ་ཉེས། བསྟན་འཛིན་སྐྱེས་ཆེན་རྣམས་ཀྱི་འཁྲུངས་འདས། རླབས་ཆེན་གྱི་འཕྲིན་ལས་སྤེལ་ཚུལ། རྒྱལ་བསྟན་འཕེལ་འགྲིབ་ཀྱི་དུས་རྐྱེན་སོགས་ལུང་རིགས་དཔེ་གསུམ་གྱིས་སྲང་ལ་འཇལ་ཞིང་། གཞན་གྱིས་དྲིས་ལན་དང་རྒྱལ་སྤྱི་བོད་རིག་པའི་དཔྱད་གཏམ་དུ་སྤེལ་བའི་གསུང་བཤད་་གལ་ཆེན་ཅི་རིགས་བཅས། མདོར་ན་ལོ་རྒྱུས་ཀྱི་བྱུང་ཁུངས་རིས་སུ་མ་ཆད་པ། དྲང་བདེན་གྱི་ཚངས་ཐིག་དཀྱུས་སུ་མ་ཡོ་བར། བོད་རིག་པའི་ཆེད་མཁས་དང་ཞིབ་འཇུག་པ། སློབ་མ་བཅས་ལ་དཔྱད་གཞིས་ཡིག་ཆར་སྨན་ཞིང་། ཞིབ་འཇུག་གི་རིན་ཐང་དང་བརྗོད་བྱའི་ཕན་ནུས་ངེས་ཅན་དུ་ལྡན་པར་སེམས་སོ། ། འབྲེལ་གཏུག་བྱེད་ས། ཁྱུང་དཀར་ཟླ་བ། 13619733012 རིན་གོང། སྒོར 25 ཡིན། |



