གནའ་བོའི་ཞང་བོད་ཚིག་མཛོད།

          ཞང་ཞུང་ནི་གནའ་བོའི་དུས་ཀྱི་ཤེས་རིག་དང་སྟོབས་འབྱོར་ཆེ་བའི་ཡུལ་ཁམས་ཤིག་ཡིན་པ་དང༌། དེའི་མངའ་ཁོངས་སྒོ་ཕུགས་བར་གསུམ་གྱི་ཕུགས་པ་ནི་གངས་རྒྱལ་ཏི་སེ་དབུས་གྱུར་གྱི་ནུབ་རྒྱ་གར་དང་ལྷོ་བལ་ཡུལ། བྱང་ཡུ་གུར་སོགས་ཀྱི་ས་ཆ་མང་དག་ཅིག་ཚུད་ཡོད་པ་དང༌། བར་པ་ནི་རྟ་སྒོ་དང་དང་རའི་བརྒྱུད་གཙོས་པའི་ལྷོ་གཞིས་རྩེའི་ཁུལ་དང་འབྲེལ་བ། སྒོ་པ་ནི་ཁྱུང་པོ་རི་རྩེ་དྲུག་དང༌། སུམ་པ་གླང་གི་གྱིམ་ཤོད་དང་སྟོང་བུ་ཆུང་སྟེ་ད་ལྟའི་མདོ་ཁམས་ཁུལ་ཁག་གཅིག་བཅས་ཞང་ཞུང་གི་ཁོངས་སུ་བརྗོད་ལ། ཞང་ཞུང་རང་ཉིད་ལ་རིག་གནས་དང༌། སྐད་ཡིགཆོས་ལུགས། ཆབ་འབངས་སོགས་མངའ་ཐང་ཧ་ཅང་རྒྱས་པའི་ལོ་རྒྱུས་ཡོད་པ་རེད། འོན་ཀྱང་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་ཞང་ཞུང་མངའ་འོག་ཏུ་བསྡུས་པ་ནས་བཟུང་ཉིན་རེ་བཞིན་ཞང་ཞུང་གི་ལོ་རྒྱུས་དང་དབང་ཐང་ཉམས་མགོ་བརྩམས་རུང༌། བོད་ཀྱི་སྐྱེས་བུ་མང་དག་གཅིག་གིས་ཞང་ཞུང་གི་རིག་གནས་དག་ཁ་བསྒྱུར་བྱས་ཏེ་ཆོས་ལུགས་ཁག་ནང་ཆུ་དང་འོ་མ་ཇི་བཞིན་འདྲེས་ཏེ་དར་སྤེལ་སོང་ཡོད། རེ་དགའ་ས་འོག་སོགས་ལ་གཏེར་དུ་སོང་བ་དང༌། རེ་འགའ་དཔའ་མཛངས་ལྡན་པའི་ཞང་ཞུང་གི་བརྒྱུད་པ་རྣམ་པས་རང་སྲོག་ལས་ཀྱང་གཅེས་སྤྲས་བྱས་ཏེ་མ་ཉམས་ཙམ་མི་ཡུལ་འདིར་ལྷག་ལུས་སུ་གྱུར་ཡོད།
     དེང་སྐབས་ང་ཚོའི་མིག་གིས་མཐོང་ཆོས་སུ་གྱུར་བའི་རི་རྩེ་དང་ཆུ་འགྲམ། ལུང་རོང་སོགས་ལ་ཡོད་པའི་མཁར་ཤུལ་དང༌། ཕུག་པ། བང་སོ། བྲག་བརྐོས། རིག་དངོས་སོགས་དང་ཉེ་འཁོར་རྒྱལ་ཁབ་ཀྱི་ལོ་རྒྱུས་དང༌། རིག་གནས། ལག་ཤེས། གོམས་སྲོལ་སོགས་ལས་ཞང་ཞུང་ནི་བོད་ཀྱི་ཤེས་རིག་གི་འབྱུང་ཁུངས་ཙམ་མ་ཟད་ཡ་གླིང་ཤེས་རིག་གི་འབྱུང་ཁུངས་གཙོ་བོའི་གྲས་ཤིག་ལའང་ངོས་འཛིན་བྱེད་ཆོག་གི་ཡོད་གཤིས་དེང་སྐབས་རྒྱལ་སྤྱི་རྒྱལ་ནང་གང་སར་ཞང་ཞུང་ལ་ཞིབ་འཇུག་དང་ཤེས་རྟོག་གི་ཚ་རླབས་ཤིག་འཕྱུར་བཞིན་ཡོད།
      ད་ལན་བློ་གྲོས་རབ་གསལ་ཁོང་གིས་དུས་ཡུན་རིང་པོའི་ནང་དཔེ་ཆ་ཤིན་ཏུ་མང་པོར་གཟིགས་ཏེ་དཀའ་ངལ་ཁྱད་བསད་ཀྱིས་ཞང་ཞུང་གི་ཐ་སྙད་དང༌། བོན་གྱི་རྣམ་གྲངས་སོགས་ད་ཡོད་བོན་གྱི་དཔེ་རྙིང་ཁག་ནས་ཕྱོགས་བསྒྲིགས་བྱས་པ་འདི་ནི་ལོ་རྒྱུས་ཐོག་གི་ཞང་ཞུང་རིག་གནས་ཀྱི་རྒྱུ་ཆ་ཚང་ཤོས་ཤིག་དང་དགོས་མཁོ་ཆེ་ཤོས་ཞིག་ཡིན་པས། ང་ཚོ་ཞང་ཞུང་གི་རིག་གནས་ཞིབ་འཇུག་བྱེད་མཁན་རྣམས་ལ་གཙིགས་ཆེའི་ཡིག་ཆ་ཞིག་མཁོ་འདོན་གནང་འདུགའདིར་ཁོ་བོས་ཞང་ཞུང་རིག་གནས་དར་རྒྱས་ཚོགས་པས་ཚབ་ཞུས་ཏེ་བཀའ་དྲིན་ཆེ་ཞུ་རྒྱུ་དང༌། སླད་ཀྱང་ཁོང་གིས་ཞང་ཞུང་རིག་གནས་སྐོར་གྱི་བརྩམ་བྱ་དབྱར་གྱི་ཆུ་མོ་བཞིན་གང་རྒྱས་གང་མང་ལྷུག་རྩོམ་གནང་བའི་རེ་བའང་ཞུའོ།


ཞེས་ཞུང་ཀརྨ་རྒྱལ་མཚན་གྱིས་ལྷ་ལྡན་ལས་ཤག་ནས་ཕུལ་ལོ།

གླེང་བརྗོད།  

    ༧མི་རིགས་གཞན་རྣམས་ནི་ཡོན་ཏན་ཆུ་ཚད་སྔོན་ཐོན་གྲལ་དུ་སླེབས་ནས་རང་གི་སྐད་ཡིག་དང་རིག་གཞུང་མཁྱེན་པར་མ་ཟད། རྒྱལ་ཁབ་གཞན་གྱི་སྐད་ཡིག་དང་རིག་གཞུང་གོམས་གཤིས་བཅས་ལ་དོ་སྣང་གྱིས་བསླབ་བརྩོན་དང་རྒྱུས་ལོན་གྱིས་འབད་འབུངས་གནང་བཞིན་ཡོད་པས་བསམ་མནོའི་གོ་རྟོགས་མཐོ་རུ་འགྲོ་བའི་ལམ་བུ་རྣལ་མ་ཞིག་ཏུ་སོམ། རང་རེ་བོད་ཁམས་པ་རྣམས་ལ་ལ་སྦྲ་འདབས་སུ་གཉི་དྲི་ཚུབ་བེར་དུས་ཚོད་འདའ་བཞིན་ཡོད་ལ། ལ་ལ་ཐོང་བཤོལ་རྗེས་སུ་རྐང་པ་འཇོག་བཞིན་ཟས་གོས་འདང་ལ་མི་འདང་བའི་ངང་ནས་སྐྲ་ལོ་སེ། བོད་མི་ཕལ་ཆེར་གྱི་མི་ཚེ་དེ་ལྟར་བསྐྱལ་བས་རང་རེས་གཞན་གྱི་སྐད་ཡིག་དང་ཚན་རིག་སྨན་དཔྱད་སོགས་ལག་རྩལ་གྱི་ཡོན་ཏན་ཤེས་རྒྱུ་ལྟ་ཞོགཐ་ན་བོད་ཀྱི་སྐད་ཡིག་ཤེས་མཁན་ལས་མི་ཤེས་མི་མཁན་མང་ལ། ཤེས་མཁན་དེ་དག་གི་ཁྲོད་ནས་ཚིག་དོན་ཁྲོལ་མཁན་ལས་མི་ཁྲོལ་མཁན་མང་ཞིང༌། ཚིག་དོན་ཁྲོལ་མཁན་དེ་དག་གི་ཁྲོད་ནས་རང་རེའི་མེས་པོས་རྗེས་སུ་བཞག་པའི་འཛམ་གླིང་དུ་ངོམ་ཆོག་པའི་དཔེ་རྙིང་འདི་དག་གི་ཚིག་དོན་ཁྲོལ་མཁན་གྱི་མི་སྣ་ནི་ཆེས་ཉུང་ཤས་ཞིགདེས་ནས་གཞན་གྱིས་རང་རེའི་ཡུལ་ཁམས་འདི་ལ་ཆེས་མུན་ནག་དང༌། ཆེས་ཀླ་ཀློ། ཆེས་རྗེས་ལུས་སོགས་ཀྱི་ཐ་སྙད་སྦྱར་བ་དོན་དངོས་དང་འཚམ་པ་ཞིག་མ་རེད་དམ། དེས་ན་རང་རེའི་གངས་ཅན་པ་རྣམས་ཀྱིས་གནའ་དེང་ཉི་ཚེ་བའི་བསམ་བློ་གད་སྙིགས་ཁྲོད་དུ་བྱོལ་ནས་གནའ་དེང་ཟུང་འབྲེལ་གྱིས་མདུན་ནས་མདུན་དུ་བསྐྱོད་རྒྱུ་ནི་ཆེས་རིན་ཐང་ལྡན་པ་ཞིག་མཐོང༌།
      གནའ་བོའི་ཞང་བོད་མེས་པོ་ཚོས་གཉན་འཕྲང་དུ་མ་ཞིག་བརྒྱུད་ནས་བླ་སྲོག་ལས་རིན་ཐང་ཆེ་བའི་ཤེས་རིག་ལོ་རྒྱུས་དང༌། ཡུལ་སྲོལ་གོམ་གཤིས་རྣམས་རང་རེ་ཕྱི་རབས་པ་རྣམས་ལ་ལེགས་སྐྱེས་སུ་ཤུལ་བཞག་མཛད་ཡོད་པ་རྣམས་རང་རེས་མྱུར་སྐྱོབས་དང༌། བསྡུ་རུབ། འཕེལ་རྒྱས། ཞིག་གསོ་བྱ་དགོས་པའི་འོས་འཁྲི་མི་རབས་འདི་ལ་བབས་པར་བརྟེན་ད་ལམ་འདིར་(གནའ་བོའི་ཞང་བོད་ཚིག་མཛོད་)ཅེས་པ་བསྡུས་བསྒྲིགས་གྲུབ་ནས་མཁྱེན་ཡོན་དང་དགོངས་རྟོགས་རི་རྒྱལ་གྱི་གཏོས་དང་མཚུངས་ཤིང་བཏང་བཞག་གི་ཚོད་འཛིན་མཁས་པའི་བླ་སྤྲུལ་དང་དགེ་བཤེས་རྣམ་པ་དང༌། འཇིག་རྟེན་གྱི་དགའ་སྐྱོ་དང་མངར་སྐྱུར་གྱི་བྲོ་བ་རོ་གཅིག་ཏུ་གཟིགས་པའི་ལ་ལུང་ལ་འཁྲས་པའི་རི་སུལ་གྱི་དགེ་བྱེད་རྣམ་པ། གཞུང་དོན་གྱི་མ་ལག་ཡོངས་སུ་ཕྲལ་ཞིང་བརྒལ་རྟགས་བགྲོ་གླེང་ལ་རིགས་རྩལ་གྱི་ཐལ་སྒྲ་སྙིལ་བའི་མཚན་ཉིད་པ་རྣམ་པ། སྒོམ་སྒྲུབ་ཀྱི་ལམ་བུ་ལ་རིག་པ་རྐྱང་འདེད་ཀྱིས་ཉམས་ལེན་བྱེད་ཅིང་ཐོད་རྒལ་གྱི་སྣང་བའི་བརྙན་འཕྲིན་གཟིགས་པའི་རི་སྒོམ་སྲོལ་འཛིན་གྱི་སྒྲུབ་གྲྭ་བ་རྣམ་པ། ལྷ་སྡེ་མི་སེར་རྣམས་ཀྱི་རེ་འདོད་བསྐང་ཞིང་གྲོང་གི་རིམ་གྲོས་ཤར་ནུབ་སྐོར་བའི་བོན་གྱི་རྔ་ཐོག་རྣམ་པ། མ་འོངས་བུ་ཚའི་མདུན་ལམ་གྱི་ཁོར་ཡུག་བསྐྲུན་ཅིང་ཕྱོགས་སྟོན་འཁོར་ལོའི་དགེ་རྒན་རྣམ་པ། གཞི་རྩའི་དམངས་ཁྲོད་ཀྱི་བདེ་སྡུག་དང་ལས་དབང་ལ་ཁ་ཕྱོགས་བསྒྱུར་ཅིང་མདུན་ལམ་ལ་གཟིགས་རྒྱང་ཆེ་བའི་གཞུང་ཞབས་ཀྱི་ལས་བྱེད་རྣམ་པ། མདུན་ལམ་གྱི་ཕུག་བསམ་ལ་ལོ་འབྲས་གཡུར་དུ་ཟ་བའི་ན་ཚོད་སྨིན་བཞིན་པའི་གངས་ལྗོངས་ཀྱི་སློབ་ཕྲུག་རྣམ་པའི་སྤྱན་སྔར་བཤམས་སྟོན་ཐུབ་པས། འདིའི་སྐོར་ལ་སྡེ་ཚན་བཞི་རུ་ཁག་བགོས་ནས་གཏན་འབེབ་བྱས་ཚུལ་ངོ་སྤྲོད་ཞུ་རྒྱུ།
      ༡དེ་སྔོན་༧སྨན་རི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གིས་ཆེད་མངགས་བོན་གྱི་གྲངས་མཛོད་འདི་བཞིན་ཕྲན་ལ་འབྲི་དགོས་པའི་བཀའ་སློབ་སྤྱི་བོར་བབ་དོན་བཞིན་སྤྱི་ལོ་༡༩༩༧ལོ་ནས་བཟུང་སློབ་ཁྲིད་ཀྱི་བར་གསེང་རྣམས་ཀྱི་དུས་ཚོད་སྟོང་པ་གང་ཡོད་དང༌།  འདོན་ཚིག་ངག་ཏུ་བསྐྱོད་པའི་དལ་ཁོམ་གྱི་བར་སྐབས། གཞུང་ལུགས་ཁག་ལ་རྨོངས་དཔྱད་

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།