གནའ་བོའི་ཞང་བོད་ཚིག་མཛོད།

ཀྱི་དུས་ཚོད་ཐུང་ངུ་ཞིག་བེད་སྤྱད་པ་སོགས་ཀྱི་བརྒྱུད་ནས་གྲངས་མཛོད་བསྡུས་བསྒྲིགས་བྱས་པའི་ཚིག་རྙིང་ཁག་དང༌། དེ་མཚམས་སྤྱི་ལོ་༢༠༠༤ལོར་༧ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་དང་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང༌། རྒྱལ་སྤྱིའི་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་སོགས་དབུས་པས་(ཐུན་མིན་བོན་གྱི་ཚིག་མཛོད་)ཤིག་སྒྲིགས་རྒྱུ་བཀའ་མོལ་གྲུབ་པའི་མཐའ་དོན་ཚིག་མཛོད་སྒྲིག་པ་པོ་སྒྲུབ་མཁན་ཚུལ་ཁྲིམས་བསྟན་འཛིན་དང༌། དགེ་བཤེས་ཁྲི་གཙུག་རྣམ་དགཕྲན་བློ་གྲོས་རབ་གསལ་གསུམ་གཏན་ཁེལ་གྱིས་ལོ་ངོ་གསུམ་གྱི་ནང་དུ་རང་རེའི་དཔེ་རྙིང་ཁྲོད་ནས་བསྡུ་རུབ་བྱས་པར་གྲོས་མཐུན་བྱུང་བའི་ཚིག་སུམ་སྟོང་ཙམ་དང༌། དེ་ནས་རང་ཉིད་ཀྱིས་མཁས་དབང་དེ་དག་གི་ཚིག་མཛོད་སྒྲིགས་སྟངས་ཀྱི་བསླབ་བྱ་དུ་མ་ཞིག་གཅེས་ཉར་ཐོག་ད་བར་དུ་སློབ་ཁྲིད་ཀྱི་བར་གསེང་དང་དཔེ་རྒྱུད་བལྟ་ཀློག་གི་དུས་ཚོད་ཅུང་ཙམ་གཏོང་ནས་ཁ་བསབས་བྱས་པའི་ཚིག་ཚོགས་རྣམས་མཉམ་བསྒྲིལ་བྱས་པ་ལ་རྟེན་ནས་ཚིག་མཛོད་འདི་ཉིད་མཁྱེན་ལྡན་ཀློག་མཁན་རྣམས་ཀྱི་སྤྱན་སྔར་བཤམས་སྟོན་ཐུབ་པ་ཞིག་ཡིན།
     ༢ཚིག་མཛོད་འདིའི་ནང་དུ་འཁོད་པའི་ཚིག་ཕལ་ཆེར་ནི་དེ་སྔོན་ཐོན་ཟིན་པའི་བོད་རྒྱ་ཚིག་མཛོད་དང༌། དུང་དཀར་ཚིག་མཛོད། ནང་ཆོས་རིག་པའི་ཚིག་མཛོད། སློབ་མའི་ཚིག་མཛོད། དག་ཡིག་གསར་བསྒྲིགས་སོགས་ཀྱི་ནང་དུ་མ་འཁོད་པ་ཤ་སྟག་བསྡུས་བསྒྲིགས་བྱས་པ་ཞིག་ཡིན་ཅེ་ན་ཕལ་ཆེར་ཆོག་མོད། འོན་ཀྱང་ཁག་གཅིག་ཚིག་མཛོད་དེ་དག་གི་ནང་དུ་འཁོད་ཡོད་ཀྱང་གོ་དོན་མི་འདྲ་བ་དང་གྲངས་འདྲེན་མི་འདྲ་བ་ཡོད་པའི་རིགས་རྣམས་འདིར་བསྐྱར་དུ་བཀོད་ནས་འགྲེལ་བཤད་བྱས་ཡོད།
༣ཚིག་མཛོད་འདིའི་ནང་དུ་ཞང་ཞུང་གི་ཚིག་དང༌། བོད་ཀྱི་བརྡ་རྙིང༌། ཡུལ་ལུང་གི་སྐད། ཞང་བོད་ཤན་སྦྱར་སྐད། གྲངས་ཚིག་བཅས་ཁག་ལྔ་རུ་བགོས་ནས་བཀོད་ཡོད། ཞང་ཚིག་ནི་ཚིག་སྒྲུབ་གཙོ་བོའི་རྗེས་སུ་(ཞང)ཞེས་བཀོད་ནས་བཞག་ཡོད། བོད་ཀྱི་བརྡ་རྙིང་རིགས་ལ་སྟོང་པ་བྱས་པ་ལས་ཁ་གསལ་གང་ཡང་མེད། ཡུལ་སྐད་ནི་ཚིག་སྒྲུབ་གཙོ་བོའི་རྗེས་སུ་༼ཡུལ༽ཞེས་བཞག་ཡོད།  ཞང་བོད་ཤན་སྦྱར་ནི། ཚིག་སྒྲུབ་གཙོ་བོའི་རྗེས་སུ་༼ཞང་བོད༽ཅེས་བཀོད་ནས་ཀློག་མཁན་རྣམ་པས་འཚོལ་བདེའི་གཟུགས་སུ་གྲུབ་པར་བྱས་ཡོད།
  ༤ཞང་བོད་ཀྱི་ཚིག་གང་རུང་ཞིག་ལ་གོ་དོན་མི་འདྲ་བ་དུ་མ་ཡོད་ཚེ་ཨང་གྲངས་གཅིག་དང་གཉིས་གསུམ་སོགས་རྒྱབ་ནས་ཁ་ཐུག་གི་འགྲེལ་བཤད་བྱས་ཡོད། དཔེར་ན་ཕྱྭ་ལྟ་བུ་ལ། ༡ཚེ། ༢གཡང༌། ༣དཔལ། ༤བཅུད། ༥དྭངས་མ། འདི་བཞིན་བལྟ་བདེ་བའི་གཟུགས་སུ་གྲུབ་པར་བྱས་ཡོད། ཡང་ཚིག་གང་ཞིག་ཞང་བོད་གཉིས་ཀའི་ཐོག་ནས་དོན་གོ་རྒྱུ་ཡོད་པའི་རིགས་རྣམས་དང་པོ་ཞང་ཞེས་སྐོར་མ་ནང་བཅུག་ནས་གོ་དོན་འགྲེལ་ཡོད། གཉིས་པ་བོད་ཅེས་སྐོར་མ་ནང་དུ་བཅུག་ནས་གོ་དོན་བཤད་ཡོད། དཔེར་ན་(རྐོ)ལྟ་བུ་ཞང་སྐད་ནས་ལུས་ལ་འཇུག་ལ། བོད་སྐད་ནས་ས་རྐོ་ལྟ་བུ་འཇུགཡང་སད་ལྟ་བུ་ཞང་སྐད་ནས་ལྷ་དང་བོད་སྐད་ནས་སད་ཀྱིས་ཁྱེར་ལྟ་བུ། ཡང་སེ་ལྟ་བུ་ཞང་སྐད་ནས་དཔུང་པར་གོ་ཞིང་བོད་སྐད་ནས་སྐྲ་སེ་ཞེས་དཀར་ཤས་བྱུང་བའི་དོན། འདི་ལྟ་བུའི་ཚིག་རྣམས་སོ་སོར་ཕྱེས་ནས་འགྲེལ་ཡོད།
ཡང་རྣམ་གྲངས་ཁག་ཅིག་བོན་གཞུང་ནས་རྣམ་གྲངས་ཀྱི་མིང་ཡོད་ཀྱང༌།  རེ་རེ་བཞིན་གྲངས་མ་རེག་པ་དང་མ་ཚང་པ་ཁག་གཅིག་ཡང་འདིར་བཀོད་ཡོད། དཔེར་ན་ཁང་ཚན་བཅུ་གཉིས་དང༌། རྩེ་བླ་བཅུ་གསུམ་ལྟ་བུ། ཐེག་པ་བརྒྱ་རྩ་བརྒྱད། མཁས་པ་བརྒྱ་རྩ་བརྒྱད་སོགས་རྗེས་སོར་ཞིབ་འཇུག་བདེ་བའི་ཆེད་དུ་འདིར་བཀོད་ཡོད།
  འདིར་འཁོད་པའི་ཚིག་རྣམས་རང་གི་བསམ་ངོར་ཤར་ཚོད་ཙམ་གྱིས་རྨོངས་དཔྱད་ཀྱི་ཚུལ་དུ་དོག་གཞིའམ་དཔྱད་གཞིའི་ཚུལ་དུ་ཕུལ་བ་ཞིག་ཡིན་པ་ལས་ཉེས་སྐྱོན་ཟད་པའི་ཚིག་ཤ་སྟག་མིན་སྟབས་ཚིག་དོན་གང་ཅི་ཐད་ལ་ཡོན་ཏན་གྱི་ཆུ་ཚད་མ་འདངས་པ་དང་ཞན་ཆ་ཇི་སྙེད་ཅིག་ཡོད་ངེས་པའི་མཁྱེན་ལྡན་གྱི་ཀློག་མཁན་རྣམ་པས་ཞུ་ཕྱོགས་ནོར་ན་གསན་ཕྱོགས་མ་ནོར་བར་སྙིགས་དོར་བཅུད་ལེན་གྱི་ཐོག་ནས་བཀའ་སློབ་ལམ་སྟོན་དུ་མ་ཞིག་གནང་ན། མཁས་པ་གཅིག་གི་བསམ་གཞིག་ལས་བླུན་པོ་གསུམ་གྱི་གྲོས་བསྡུར་དགའ་ཞེས་པ་ལྟར་རྗེས་སུ་འདི་ལས་སྤུས་དག་དུ་འགྲོ་བའི་རེ་བའི་ཁེངས་བཞིན་ཡོད་ལ། མ་ཚད་བོན་པོ་ཚང་མ་ལ་འགན་དུ་འཁྲི་བའི་མ་གོས་སྤྱི་ལ་བཞག་པའི་ནོར་བུ་ཞིག་ཡིན་པ་ལས་མི་རེ་ལ་ཤ་གདད་རེ་རེ་བཞིན་ཕྱེ་རྒྱུ་མེད་སྟབས་ཚིག་རྙིང་རེ་ལ་རིན་ཐང་གཞལ་དཀའ་བ་ཡིན་པས་དེ་ལུགས་བྱ་ཚང་གསོག་པ་ནང་བཞིན་ཚིག་རྙིང་ཁག་རྣམས་ཉར་ཚགས་དགོས་པར་མཐོང༌། གཞན་སྡེ་རྣམས་ཀྱིས་ཆོས་ཚིག་གང་ཡོད་ཚིག་མཛོད་ནང་དུ་བཀོད་ཟིན་ཡང་རང་རེ་རྣམས་ནི། ལ་ལས་གྲོང་གི་རིམ་གྲོས་ཤར་ནུབ་བསྐོར་བཞིན་མི་ཚེ་ཟད། ལ་ལ་སྐྱིད་ཉལ་རྒྱག་ཉལ་གྱི་ངང་ནས་ཚེ་ཡི་འཕེན་པ་རྫོགས། ལ་ལ་ངའི་ལུགས་སྲོལ་དང་ཁོའི་ལུགས་སྲོལ་ཟེར་བཞིན་གྲུབ་མཐའི་ཁ་འཛིན་བྱེད། ལ་ལ་འགྲན་རྩོད་ཀྱི་ར་བའི་ནང་དུ་ཤོ་བག་རྩེད་བ་ནང་བཞིན་ཐོབ་ཤོར་གྱི་བྱ་བཞག་ལ་ཡེངས། ལ་ལ་དགེ་སེམས་ཀྱི་ནམ་ཙམ་མེད་པར་དགེ་སྡིག་གཉིས་ཀྱི་བྱ་བར་ཐེ་ཚོམ་གྱི་དྲ་རྒྱར་ཚུད། ལ་ལ་ཐོས་བསམ་གྱི་བྱ་བཞག་ལ་འགོ་བརྩམས་ཀྱང་མཇུག་མི་མཆུད། དེས་ན་དུས་ངན་སྙིགས་མ་འདིར་ཡང་དག་པའི་སངས་རྒྱས་ཀྱི་རི་གྲོང་ལ་གཤེགས་བྱེད་ཀྱི་ལམ་སྟོན་པའི་གསུང་རབས་རྣམས་ནི་ཕྱག་རྟེན་དཀོར་རྟེན་ཙམ་དུ་རྡུལ་སྙིག་ཁྲོད་དུ་བག་ལ་ཞ། ལྷ་མཐོང་འདྲེ་མཐོང་གི་མངོན་ཤེས་སབ་སུབ་ཀྱིས་སེ་རེ་བཏགས་པའི་མོ་ལུང་སྟོན་པ་དག་ལ་སྐྱབས་གནས་ཡིན་པའི་ཡིད་ཆེས། འདོད་ཆུང་ཆོག་ཤེས་ཀྱི་དགེ་བྱེད་པ་ཡང་དག་པ་ཞིག་ལ་ནུས་མེད་ཟེར་བཞིན་ཁ་ཚིག་ངན་པའི་སེ་བ་ཕབ། མདོར་ན་སེར་སྐྱ་ཀུན་གྱིས་རང་བསྟན་ངོ་མ་རྩ་འཛིན་མི་ཤེས་པར་གྱུར་འདུག་སྙམ་པའི་ཞོར་འཕྲོས་སོ། དེས་ན་མཁྱེན་ལྡན་སུ་ཞིག་གིས་ཚིག་འདི་དག་ལ་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་རེ་བ་ཡོད་ལ། ངོས་ནས་འདིའི་སྐོར་ལ་འགྲེལ་བཤད་མ་འདངས་བ་དང་བསམ་མནོའི་ཆུ་ཚད་མ་སྨིན་པར། ཧམ་པ་བྲོ་རྡུང་ལྟ་བུ་འགྱུར་སྲིད་པས་དེ་ལུགས་གཟུར་གནས་མཁྱེན་ལྡན་རྣམ་པས་ཚིག་དོན་གང་ཅི་ཐད་ལ་ཡོ་སྲང་གི་ལྷུ་ལག་སྒྲིག་རྒྱུ་དང༌། ཁ་སྐོང་གི་ཚིག་ཞིབ་རྒྱས་སུ་གཏོང་རྒྱུ། ཞང་བོད་ཀྱི་ཚིག་རྙིང་གསར་དུ་སྣོན་རྒྱུ་སོགས་ཀྱི་བཀའ་སློབ་ལམ་སྟོན་ཡིག་ངག་གཉིས་ཐོག་ནས་བསྩལ་གནང་ན་ཡར་རྒྱས་ཀྱི་སྟ་གོན་ཡིན་པས་གུས་པའི་སྙིང་ཐག་པ་ནས་དགའ་བསུ་ཞུ་རྒྱུ།

 

 

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།