༄༅།།རེབ་གོང་བོན་བརྒྱ་དགོན་ལྔ་རིག་གཞུང་ཆེན་སློབ་གླིང་གི་དབྱར་དུས་ཀྱི་རྒྱུགས་སྤྲོད་ཆེན་མོའི་རབ་བྱེད།

 རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།  རྩོམ་པ་པོ། བོན་བརྒྱ་བསྟན་འཛིན་མཆོག་གྲུབ།

IMG_4586
དབྱར་ཟླ་དྲུག་པའི་ཡར་ཚེས་ཀྱི་ཉིན་བཟང་པོ་སྟེ་ཞོགས་པའི་ཉི་རྩེ་དང་ལྷན་དུ་ནམ་མཁའ་གཡའ་དྭངས་ཤིང་ས་གཞིར་རྡུལ་དག་པའི་དབེན་གནས་ཀྱི་རི་སུལ་དེ་ན་ཤེལ་གྱི་བྲག་རི་བཞིན་རྔམ་གྱིས་བརྗིད་པའི་རྩེ་མཆོག་གསུམ་མཆོད་པའི་ལྷ་ཁང་དང་ལྷོ་འདོད་པ་ཀུན་འབྱུང་གི་གསས་ཁང་།ཞོལ་བཀྲ་ཤིས་སྒོ་མང་མཆོད་རྟེན་དང་ཟུར་རྣམ་པར་རྒྱལ་བའི་ཟངས་སྐུ་ཆེན་མོ། ད་དུང་དེ་གའི་ཕྱོགས་ཕྱོགས་དང་མཚམས་མཚམས་ན་མུ་ཏིག་བཞིན་གང་སར་བརྡོལ་བའི་གྲྭ་ཤག་མང་པོ། IMG_4585སྐབས་དེར་དེ་གའི་ནང་རོལ་ན་བྱུར་དམར་བཞིན་དཔལ་གྱིས་ཕྱུག་པས་བཙུན་པ་རྣམས་ཀྱང་ལྷིང་ལྷིང་གྲགས་པའི་དུང་སྒྲ་དང་སང་སིང་འཁྲོལ་བའི་འཁར་རྔའི་བརྡ་དང་བསྟུན་ནས་གསེར་གྱི་རྒྱ་ཕིབས་ལམ་ལམ་འཕྲོ་བའི་འདུ་ཁང་གི་ཕྱོགས་སུ་གོམ་ཁ་བསྒྱུར། དེ་ནས་སྐྱབས་རྗེ་བླ་མ་སངས་རྒྱས་མིའི་གཟུགས་སུ་སྤྲུལ་བ་མཚན་བརྗོད་པར་དཀའ་བ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་ཀྱང་དད་ལྡན་སློབ་བུའི་ཚོགས་ཀྱིས་དད་གུས་མོས་གསུམ་ཀྱིས་བསུ་མ་མཛད་པ་དང་བསྟུན་གཟིམ་ཁང་མཐོང་བ་ཀུན་སྨོན་ནས་ཆིབས་བསྒྱུར་གནངས་ཏེ་གསས་ཁང་འདོད་པ་ཀུན་འབྱུང་གི་ནང་རོལ་དུ་ཕེབས་ཏེ་དབུ་ནས་བཞུགས་ཤིང་མཁན་པོ་བོན་ནག་ཚང་ཡེ་ཤེས་བློ་གྲོས་དང་དགེན་སྤྱི་ཚང་གཡུང་དྲུང་བསྟན་པ་གཉིས་ཀྱིས་ཟུར་ནས་བརྒྱན།IMG_4589བཙུན་པ་རྒན་གྲས་རྣམས་ཀྱི་གཙོར་མཛད་པའི་གཡུང་དྲུང་སྤུན་གྲོགས་ཡོངས་ཀྱིས་མཐའ་ནས་བསྐོར་ཞིང་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་ནས་ཕེབས་པའི་དུང་དཀར་དགོན་པའི་གྲྭ་བཙུན་ཚུལ་ཁྲིམས་ཡེ་ཤེས་དང་སྤ་ཚང་དགོན་ནས་ཕེབས་པའི་རིགས་སྨྲ་བ་གཡུང་དྲུང་འོད་ཟེར་གཉིས་གཙོར་མཛད་དེ་ཤེས་རིག་གི་མེ་ཏོག་ཚར་དུ་དངར་བའི་སློབ་བུ་ཀུན་གྱིས་ཀྱང་དེ་གའི་དབུས་ནས་སེམས་བསྐྱེད་རྣམ་པར་དག་པའི་གཞི་བཟུང་སྟེ་རྩོད་རྒྱུགས་ཀྱི་དབུ་བཟུང་ངོ་།IMG_4587དེ་ནས་རིམ་བཞིན་ཚད་རྟགས་བསྡུས་གསུམ་དང་ས་ཕར་དབུ་གསུམ་སོགས་ཀྱིས་གཙོར་མཛད་པའི་ཐེག་རིམ་དང་འདུལ་བའི་སོགས་ཀྱི་སྐོར་ནས་སློབ་བུ་ཀུན་གྱིས་རང་རང་གི་བློ་ཡིས་ཐེག་ཚོད་དང་བསྟུན་ནས་ཚད་གསུམ་ཟུང་དུ་འབྲེལ་ཏེ་དགག་བཞག་སྤང་གསུམ་མང་དུ་མཛད། སྐབས་སྐབས་སུ་གོང་ས་མཆོག་ནས་གཞུང་ཆེན་དག་གི་དཀའ་གནད་ཁག་ལ་ཉེ་བར་མཁོ་བའི་གདམས་ངག་གང་མང་མན་ངག་གི་ཚུལ་དུ་དམར་ཁྲིད་བྱས་ཤིང་།ཞོར་དུ་དགེ་རྒན་རྣམ་པ་གཉིས་ཀྱིས་ཀྱང་རང་གི་མྱོང་བ་དག་རྩལ་དུ་བཏོན་ནས་སློབ་བུ་སོ་སོའི་རྒྱུད་ལ་བག་ཆགས་མང་དུ་བཞག། IMG_4591སྤྱིར་ན་ཇི་སྲིད་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་མ་རྟོག་ལོག་རྟོག་སོགས་སྒྲོ་འདོགས་ཀྱི་མཐས་སྟོང་བ་མེད་ཀྱང་ཕྲ་རབ་རྡུལ་བསགས་ལྷུན་པོའམ་ཆུ་ཐིགས་བསགས་ནས་རྒྱ་མཚོ་ཡི་ཚུལ་བཞིན་རིག་པས་རིག་པར་སུན་འབྱིན་བརྗོད་པ་དང་བློ་ལ་བློ་ཡིས་རྒོལ་ལན་སྤྲད་དེ་གང་ཞིག་གང་གིས་ཚར་གཅོད་བྱེད་པ་ནི་རྩོད་དགོས་པ་ཁྱད་པར་ཅན་ཡིན་ཏེ་རྗེ་བདག་ཉིད་ཆེན་པོའི་ཞལ་ནས་༼ ལོག་རྟོག་སྒྲོ་འདོགས་བཟློག་པ་དང་།།བསྔགས་པ་ཁུང་དུ་ཚུད་པ་ལ།།ཚར་གཅོད་པ་དང་རྗེས་འཛིན་འཇུག།རྩོད་པའི་དགོས་པ་དེ་ཉིད་ཡིན།། ༽    ཞེས་གསུངས་སོ། དེ་ལྟར་གོང་ས་མཆོག་དང་སློབ་དཔོན་རྣམ་གཉིས་གཙོར་མཛད་པའི་གཡུང་དྲུང་སྤུན་གྲོགས་ཡོངས་དང་དད་ལྡན་མི་སྐྱ་ཀུན་གྱིས་བསྔགས་བརྗོད་ཀྱི་ཁ་གཡང་དང་བཅས་སྔ་དྲོའི་རྩོད་རྒྱུགས་ཆེན་མོ་ཡོངས་སུ་མཇུག་རྫོགས་སོ།།IMG_4588
དེ་ནས་སློབ་བུ་ཀུན་གྱིས་ཉིན་གུང་གི་ངལ་གསོའི་དུས་ཚོད་དང་བསྟུན་ནས་ཤོག་བུ་དང་འབྲི་གདན།སྨྱུ་གུ་སོགས་རྒྱུགས་སྤྲོད་ཀྱི་ཡོ་བྱད་གྱ་ནོམ་པ་རེ་གྲ་སྒྲིགས་བྱས་ནས་སླར་ཡང་ཕྱི་དྲོའི་ཡིག་རྒྱུགས་སུ་ཞུགས་རྒྱུའི་སྟ་གོན་བྱས། ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་མཁན་པོ་ཡེ་ཤེས་བློ་གྲོས་དང་དགེན་གཡུང་དྲུང་བསྟན་པ་དང་དགེ་བསྐོས་བོན་སྟག་འཇིགས་མེད་གསུམ་ཀྱི་ཐུགས་བཀོད་དང་བསྟུན་ནས་ཡིག་རྒྱུགས་དངོས་སུ་འགོ་བརྩམས་སོང་། རྣམས་གྲངས་ནི།དག་ཡིག་དང་རྟག་འཇུག། སུམ་ཅུ་བ་དང་སྙན་ངག་སོགས་གཙོས་དཔྱད་རྩོམ་དང་ཡིག་གཟུགས་ཀྱི་སྐོར་ནས་སློབ་བུ་སོ་སོའི་རང་ཉིད་ཀྱི་སྦྱངས་བརྩོན་གྱི་ནུས་པ་དང་ལྷན་སྐྱེས་ཀྱི་ཤེས་རབ་ཟུང་དུ་འབྲེལ་ནས་གང་ལ་གང་འཚམ་གྱི་རིག་པའི་མཆོད་པ་མང་དུ་བཏེགས།རང་ལ་དད་པའི་སྟོབས་ཡོད་ན་གང་ཡང་ཚོགས་ཀྱི་ཞིང་ས་རུ་དམིགས་ཆོག་པས། IMG_4590མཇུག་མཐར་ངེད་དགེ་སློབ་ཡོངས་ཀྱིས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་འདི་དག་བསགས་པའི་དགེ་འབྲས་ནི་དཔལ་ལྡན་རྩ་བའི་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་གཙོར་མཛད་པའི་ཕྱོགས་བཅུ་ན་བཞུགས་བསྟན་འཛིན་གྱི་སྐྱེས་ཆེན་རྣམ་གྱི་ཞབས་པད་བརྟན་ཞིང་མཛད་འཕྲིན་མཐའ་རུ་ཕྱིན་པ་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་རུ་གྱུར་ཅིག་གུ་ཞེས་བསྔོ་བ་སྨོན་ལམ་དང་བཅས་དབྱར་དུས་ཀྱི་རྒྱུགས་སྤྲོད་ཆེན་མོ་ཡོངས་སུ་མཇུག་རྫོགས་སོ། །

དཔྱད་མཆན 1 ཡོད།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།