དཔལ་སྐྱང་སྤྲུལ་རིན་པོ་ཆེས་མ་ཏྲིའི་བཀའ་དབང་གནང་བ།

རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས། རྩོམ་པ་པོ། གླིང་བོན་ཚང་མའི་དྲུང་མུ།

དེ་ཡང་ཟླ་འདིའི་ཚེས་བརྒྱད་དང་དགུའི་ཉིན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་དུང་དཀར་དགོན་ནས་མ་ཏྲི་དུང་སྒྲུབ་གླིང་ཞེས་པའི་ཚོགས་པ་ཞིག་གིས་འདས་པའི་ལོ་ངོ་གཅིག་ལྷག་གི་རིང་ལ་མ་ཏྲི་དུང་ཕྱུར་གཅིག་ལྷག་བཟླས་བརྗོད་ལེགས་འགྲུབ་བྱུང་བས།   ཚོགས་པ་དེའི་ཚོགས་གཙོ་དང་ཚོགས་མི་ཡོངས་ཀྱིས་གསོལ་བ་བཏབས་པ་ཇི་བཞིན་དཔལ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་དགོན་སྡེ་འདི་ཡི་ཚོགས་མགོན་དུ་བྱོན་པར་མ་ཟད།  བཟླས་ཆོག་རིན་ཆེན་སྒྲོན་མའི་བཀའ་དབང་སྤྱི་བོར་བསྐུར་ཏེ།  སྐལ་ལྡན་གདུལ་བྱའི་ཚོགས་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་པའི་བཀའ་དྲིན་བསྐྱངས།   དེ་ཡང་མཚོ་ལྷོ་གསེར་ཆེན་རྫོང་དང།  མང་རྫོང་།   ཁྲི་ཀ་རྫོང་།  རྩེ་ཁོག་རྫོང།   རེབ་གོང་རྫོང།  བ་ཡན་རྫོང་སོགས་ཕྱོགས་སོ་སོ་ནས་ཕེབས་པའི་བཙུན་པ་དང་སྔགས་འཆང་། མི་སྐྱ་ཕོ་མོ་བརྒྱ་ཕྲག་ལྷག་དང་། གཞན་ཡང་རྒྱ་ནག་ནས་ཕེབས་པའི་ཁོང་གི་སློབ་མ་ལྔ་བཅུ་ལྷག་ཙམ་དང་བཅས་པར་མ་ཏྲིའི་ཕན་ཡོན་དང་།  གསང་སྔགས་དམ་ཚིག་གི་སྐོར།   དགེ་སྡིག་སྤང་བླང་སོགས་བཀའ་དབང་རྒྱས་པ་བསྩལ་བས་གདུལ་བྱའི་ཚོགས་རྣམས་དད་པའི་སྤུ་ལོང་རབ་ཏུ་རྒྱས་ཤིང།   དབང་མེད་མིག་ཆུ་དང་ཐལ་མོ་བྲང་སྦྱར།   བྱིན་འབེབས་གར་གྱི་སྟངས་སྟབས་བསྒྱུར་བའི་རྣམ་པ་བཅས་ཕུན་སུམ་ཚོགས་པའི་ངང་མཇུག་བསྡུས་པའོ།།

ཞེས་དྲུང་མུ་ནས་མཚམས་སྦྱར་བའོ། །

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།