བོད་མེ་བྱ་ལོའི་རེབ་གོང་བོན་བརྒྱ་དགོན་གྱི་དབྱར་དུས་ཀྱི་རྒྱུགས་སྤྲོད།

རྩོམ་པ་པོ།  མང་བུ།

མདོ་སྨད་བྱང་རྒྱུད་ཕྱོགས་ཀྱི་བོན་གྱི་བསྟི་གནས་ཆེན་མོ་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་དུ་རིག་པའི་གནས་ལ་རྣམ་དཔྱོད་ཀྱི་རྩལ་རབ་ཏུ་རྒྱས་པའི་གཤེན་བཙུན་དག་གི་དབྱར་དུས་ཀྱི་རྒྱུགས་སྤྲོད་ཆེན་མོར་འཆད་རྩོད་རྩོམ་གསུམ་གྱི་དགའ་སྟོན་རྒྱ་ཆེར་བཤམས་པའི་གནས་ཚུལ་མདོ་ཙམ་ཞུས་པ།

ཟླ་དྲུག་པའི་ཚེས་བཞི་ཉིན་མཁན་པོ་བོན་ནག་ཚང་ཡེ་ཤེས་བློ་གྲོས་དང་འགན་འཛིན་པ་རྩེ་གཞུང་གཡུང་དྲུང་གཉིས་ཀྱིས་གཙོར་མཛད་པའི་དགེ་འདུན་པ་དག་གི་ཐུགས་བཀོད་དང་བསྟུན་ནས་ཡིག་རྒྱུགས་ལེན་སའི་ཡུལ་དངོས་ནས་ཞེ་ཕུགས་བོན་ལ་བཅོལ་ཞིང་ལང་ཚོ་ཤེས་བྱས་བརྒྱན་པའི་སློབ་མ་ཡོངས་ཀྱིས་རྣམ་དཔྱོད་ཀྱི་སྒོ་མོ་ཆེས་ཆེར་ཕྱེས་ཏེ་སུམ་དག་རྟགས་གསུམ་གཙོར་མཛད་པའི་ཚད་རྟགས་བསྡུས་གསུམ་དང་། ལམ་རིམ་དང་ཕར་ཕྱིན་སོགས་རང་རང་གི་འཛིན་གྲྭའི་བབས་དང་བསྟུན་ནས་གང་ནུས་ཀྱི་རིག་པའི་མཆོད་པ་མང་དུ་ཕུལ།

དགོང་མོ་ཡང་བགྲོ་གླེང་ཞིག་གི་སྟ་གོན་ཙམ་དུ་མཚོ་ལྷོ་དུང་དཀར་དགོན་དང་ཀན་ལྷོ་རྩེ་ཞིག་དགོན་ནས་ཕེབས་པའི་ཤེས་ཡོན་པ་སྐོར་ཞིག་དང་ལྷན་དུ་དགྱེས་འཛོམ་གྱི་ཁ་བརྡ་ཞིག་གི་དོད་དུ་ང་ཚོས་མཉམ་དུ་བསམ་བློ་བརྗེ་རེས་དང་རང་ཉིད་ཀྱི་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་ནས་ཐོབ་པའི་མྱོང་བ་དག་ཕན་ཚུན་ལ་སྦ་གསང་མེད་པར་ལྷག་བསམ་གྱི་སྐད་ཆར་དྲངས་ནས་གང་མོས་ཀྱི་གླེང་མོལ་སྣ་ཚོགས་བྱས།

ཚེས་ལྔ་ཉིན་དཔལ་ལྡན་བླ་མ་དམ་པ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ཚང་དབུ་བཞུགས་ཀྱི་འོག་ནས་ངེད་དགོན་པའི་མཁན་པོ་ཚང་དང་འགན་འཛིན་པ། ལྷག་པར་དུ་མཚོ་ལྷོ་དུང་དཀར་དགོན་དང་ཀན་ལྷོ་རྩེ་ཞིག་དགོན་ནས་ཕེབས་པའི་རིགས་སྨྲ་དག་ཀྱང་ངེད་དགོན་པའི་གཤེན་བཙུན་གཞོན་ནུ་ཚོའི་ད་ལོའི་རྩོད་རྒྱུགས་ཀྱི་སྟེང་དུ་ཕེབས་ནས་ཚད་རྟགས་བསྡུས་གསུམ་དང་དབུ་ཕར་ས་གསུམ་སོགས་ཀྱི་སྐོར་ནས་རིག་པའི་མེ་ཏོག་མཉམ་འཐུ་དང་གཞུང་བརྒྱའི་དཀའ་གནད་མཉམ་གྲོལ་བྱས་ཏེ་མཆོག་གསུམ་ལྷ་དང་བླ་གྲྭ་དགེ་འདུན་ཡོངས་ལ་ཐོས་བསམ་གྱི་མཆོད་པ་རྒྱ་ཆེར་ཕུལ།

མཇུག་མཐར་གོང་ས་མཆོག་བོན་བརྒྱ་ཐམས་ཅད་མཁྱེན་པ་ཚང་དང་དང་སྐུ་ཚ་བྱ་འཕུར་གཡུང་དྲུང་དབང་རྒྱལ་གཉིས་ཀྱིས་གཙོར་མཛད་ནས་གཤེན་བཙུན་གཞོན་ནུ་དག་ལ་བྱ་དགའི་གཟེང་རྟགས་ཕུན་སུམ་ཚོགས་པ་གནངས་པ་དང་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པའི་སྨོན་ལམ་དང་བཅས་ཏེ་བཀྲ་ཤིས་བདེ་ལེགས་ངང་མཇུག་ཡོངས་སུ་སྒྲིལ་བའོ།།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།