བོན་བརྒྱ་དགོན་པའི་མེ་བྱ་ལོའི་རྒྱལ་ཡུམ་བྱམས་མའི་ཁྲི་མཆོད།

རེབ་གོང་བོན་བརྒྱ་དགོན་ཆེན་གྱི་བོད་མེ་བྱ་ལོའི་རྒྱལ་ཡུམ་བྱམས་མའི་ཁྲི་མཆོད་ཀྱི་རྣམ་པ་རགས་ཙམ་བརྗོད་པ་སྙན་དབང་གསོ་བའི་མགྲིན་གླུ།རྩོམ་པ་པོ།   རྩེ་སྐྱེས་གཡུང་དྲུང་འོད་ཟེར།

དེ་ཡང་བྱང་རྒྱུད་བོན་གྱི་བསྟན་པའི་བསྟི་གནས་ཆེན་པོ་རེབ་གོང་བོན་བརྒྱ་དགོན་ཆེན་གྱི་བྱམས་མའི་ཁྲི་མཆོད་ནི་ལོ་རེ་རེའི་དབྱར་ཟླ་ཐ་ཆུང་སྟེ་ཟླ་དྲུག་པའི་ཚེས་བརྒྱད་ཉིན་ཀུན་མཁྱེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག་མཁའ་སྤྱོད་ཀྱི་ཞིང་དུ་ཕེབས་པའི་དུས་ཆེན་ཁྱད་པར་ཅན་ལ་འཚོགས་བཞིན་ཡོད།


ཚེས་བདུན་གྱི་ཉིན་དགོན་འདི་ཉིད་ཀྱི་གྲྭ་ཚང་འདུས་པ་རྒྱ་མཚོ་ཞོགས་པའི་ཉི་རྩེ་དང་ལྷན་དུ་ཚོགས་ཆེན་འདུ་ཁང་དུ་འཛོམས་ཏེ་ཉིན་རྒྱུན་ཆགས་མེད་དུ་འདོན་བཞིན་པའི་བསྡུས་འདོན་བཏོན་རྗེས། ཕྱི་ཉིན་གྱི་ཁྲི་མཆོད་ཆེན་མོའི་ཆོ་ག་ལ་གྲ་སྒྲིག་གང་ལེགས་བྱེད་པར་འབད་དགོས་ཏེ། གྲྭ་བ་འགའ་རེ་འགའ་རེ་བྱས་ཏེ་ཕྱོགས་ཕྱོགས་སུ་བགོས་ནས་ལ་ལས་རྩམ་པ་བརྫི་བ། ལ་ལས་གཏོར་མ་བཅའ་བ་དང་ལ་ལས་མར་རྒྱན་བཟོ་བ། ལ་ལས་ལྷ་བཤོས་ལ་མར་ཁུ་སྐུད་པ། ཡང་ལ་ལས་མེ་ཏོག་ཙམ་པ་ཀ་བསྒྲིགས་པ་དང་ལ་ལས་སྤོས་དྲ་འཐེན་པ་སོགས་མཆོད་སྒྲིག་བྱེད་པའི་ལས་ལ་འབད་དགོས།

དེ་ནས་ཚེས་བརྒྱད་ཀྱི་ཉིན་སྟེ་ཞོགས་པའི་ཉི་རྩེ་དང་པོ་མཁའ་ལ་ཤར་ཙམ་ན། དུང་དཀར་ཆ་འབུད་ཀྱི་དབྱངས་འགྲོས་དང་བསྡོངས་ནས་རང་ཅག་ཀུན་ལ་སངས་རྒྱས་ལས་ཀྱང་བཀའ་དྲིན་རབ་ཏུ་ཆེ་བའི་མཚུངས་མེད་དཔལ་ལྡན་བླ་མ་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་གཙོས་ཡིད་སེམས་བོན་ལ་གཏད་ཅིང་ངུར་སྨྲིག་ལུས་ལ་མནབས་པའི་གྲྭ་ཚང་འདུས་པ་རྒྱ་མཚོ་ཚོགས་ཆེན་འདུ་ཁང་དུ་ཕེབས་ཏེ་རྒྱལ་ཡུམ་ཤེས་རབ་བྱམས་མའི་ཆོ་གའི་ཞལ་ཕྱེས་ཏེ་འདོན་ཆོག་གི་གཞི་བཟུང་།

རིམ་བཞིན་ཕྱོགས་ཕྱོགས་ཀྱི་དད་ལྡན་མང་ཚོགས་ཕོ་མོ་ཐམས་ཅད་དགེ་སེམས་རྣམ་པར་དག་པའི་ཀུན་ནས་བསླངས་ཏེ་དགེ་བ་ལ་གཞོལ་བར་ལམ་གྱི་རིང་ཐུང་དང་ངལ་བའི་དཀའ་ཚེགས་ལ་མ་བལྟས་པར་གྲགས་ཚོད་ལ་གྲུ་འཛིན་གཉིས་པར་འབོད་པའི་རང་དགོན་དུ་འདུས་ཏེ་དད་འདུན་མོས་གསུམ་གྱི་ལྷ་ཕྱག་དང་བཅས་མཆོད་ཡོན་གྱི་ལྷ་སྡེ་དཀར་པོ་སྟེ། རེབ་གོང་སྟོད་སྨད་བར་གསུམ། མང་འབའ་བྱ་གསུམ། རྨ་ཡུལ་ཁྲི་ཀ། ཆབ་ཆ་གཙོས་སི་ཁྲོན་དང་ཀན་སུའུ་སོགས་ནས་ཡོད་ན་བརྒྱ་འབུལ་སྟོང་འབུལ། མེད་ན་མེ་ཏོག་མཆོད་འབུལ་ཞེས་པའི་ཁ་དཔེ་བཞིན་དགོན་འདི་ཉིད་དད་པའི་གཞི་རྟེན་དུ་བཅོལ་ཏེ་ཚོགས་བསགས་ཀྱི་མཆོད་པ་སྣ་ཚོགས་རིམ་བཞིན་ཕུལ་བ་ནི། མཆོག་གསུམ་མཆོད་པའི་ཞིང་སར་གཏོར་མ་སྟོང་ཕྲག་ལ་མར་ཁུས་མདངས་སྦྱིན་ཏེ་ཟུར་དུ་ཙམ་པ་ཀ་དང་མདུན་དུ་སྤོས་དྲ་སྣ་ཚོགས་ཀྱིས་བརྒྱན་ནས་ཕུལ་བར་མ་ཟད། གསེར་དངུལ་ཟངས་ལྕགས་ལས་གྲུབ་པའི་རྐོང་བུ་ཁྲི་ཕྲག་དུ་མའི་ནང་དུ་གསེར་མདོག་གི་འབྲི་མར་གྱི་ཉིང་ཁུ་དྭངས་ལ་སྣུམ་པས་བཀང་སྟེ་ཤུག་པའི་སྒྲོན་ཤིང་ལ་མེ་ཡི་འཕྲལ་བསྩལ་ནས་སྐྱབས་ཀྱི་དྭངས་མ་མཆོག་གསུམ་གྱི་ཞིང་ལ་ཕུལ། རིམ་བཞིན་དུང་ཕོར་ཆེ་ཆུང་མི་འདྲ་བའི་ནང་དུ་ཆུ་མཆོད་ཀྱི་མཆོད་པ་ལན་གྲངས་སྟོང་ཕྲག་དུ་མར་འབུལ་བཞིན་ནང་དུ་བཟང་དྲུག་དང་མེ་ཏོག་གི་བཅུད་བསྩལ་ཏེ་མཆོག་གསུམ་མཉེས་པའི་མཆོད་པ་སྣ་ཚོགས་ཤིག་ཕུལ་ཞིང་། གོང་ས་སྐྱབས་མགོན་རིན་པོ་ཆེ་དང་སེམས་དཔའ་འདུས་པ་རྒྱ་མཚོ་ལ་འགྱེད་བསྙེན་བཀུར་བསམ་མཐའ་ཡས་པ་དང་། ད་དུང་། དད་ལྡན་ཕོ་མོ་ཀུན་གྱིས་སྙན་པའི་དབྱངས་ལ་བཀུག་ནས་སྙིང་པོ་རྣམ་གསུམ་ངག་ལ་བཟླ་བཞིན་ཡན་ལག་ལྔ་བོ་ས་ལ་བཙུགས་ནས་ཕྱག་འཚལ་དང་བསྐོར་བ་གྲངས་མེད་བྱེད་པ་སོགས་མཆོད་འབུལ་རྒྱ་ཆེན་བྱས།

ཕྱི་དྲོར་སེམས་དཔའ་འདུས་པ་རྒྱ་མཚོས་རྒྱལ་ཡུམ་ཤེས་རབ་བྱམས་མའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ཏེ་སྐལ་བ་དང་ལྡན་པའི་དད་ལྡན་ཕོ་མོ་ཐམས་ཅད་ལ་རྒྱལ་ཡུམ་ཤེས་རབ་བྱམས་མའི་དབང་རྣམས་ཡོངས་སུ་བསྐུར། རིམ་བཞིན་བཀྲ་ཤིས་རབ་གནས་བརྗོད་པ་དང་། མཇུག་རང་གཞན་སེམས་ཅན་ཐམས་ཅད་ཀུན་གྱི་ཚེ་རབས་ནས་ཚེ་རབས་སུ་བསགས་པའི་སྡིག་སྒྲིབ་བག་ཆགས་ཐམས་ཅད་རྒྱ་མཚོ་ལ་ཁ་བ་ཞུ་བ་དང་རླུང་ནང་ལ་ག་བུར་གཏད་པ་བཞིན་ལྷག་མེད་དུ་ཞི་ནས་མཐར་འགྲོ་དྲུག་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་གྲོལ་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་དོན་དུ་བསྔོས་པ་ལགས་སོ།།

ཞེས་2017.6.8ཉིན་རྩེ་སྐྱེས་པའམ་གཡུང་དྲུང་འོད་ཟེར་དུ་འབོད་པས་སྦྱར་བ་དགེའོ།། བཀྲ་ཤིས།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།