ཁྱུང་པོ་རི་བོ་རྩེ་དྲུག་དགོན་གྱི་དམྱལ་འཆམ་ཆེན་མོའི་གནས་བསྡུས།

ཁྱུང་པོ་རི་བོ་རྩེ་དྲུག་དགོན་གྱི་དམྱལ་འཆམ་ཆེན་མོའི་གནས་བསྡུས།

༧ཞང་ཞུང་སྒོ་པའི་ལྟེ་གནས་ཁྱུང་པོ་༧རི་བོ་རྩེ་དྲུག་དགོན་སུམ་པ་གླང་གི་གྱིམ་ཤོད་ཤེལ་ལེ་རྒྱ་སྐར་གླིང་དུ་དམྱལ་འཆམ་ངན་འགྲོའི་སྒོ་གཅོད་དང་ཁྲོ་བོའི་སྨན་སྒྲུབ་ཆེན་མོ། ཞང་བོད་རིག་གཞུང་འཆད་རྩོད་ཆེན་མོ་བཅས་མཛད་སྒོ་ཆེན་མོ་ཁག་གསུམ་ཞག་ཉེར་གཉིས་ཀྱི་རིང་དུ་སྤེལ་བ་སྟེ།

དེ་ཡང་སྒྲུབ་ཞག་ཉེར་གཅིག་གི་རིང་སྨིན་གྲོལ་ཚོགས་ཆེན་འདུ་ཁང་གི་ཡང་ཐོག་ཏུ་སྐྱབས་གནས་སེམས་དཔའ་དགེ་འདུན་པ་བརྒྱ་ལ་ཉེ་བས་ཁྲོ་བོའི་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་གྱེར་འཕྲིན་སོགས་ལག་ལེན་ཚུལ་མཐུན་ཞུས་པ་དང་།  དུས་མཚུངས་སུ་ཕྱི་ལོ་༢༠༡༧ཟླ་༧པའི་ཚེས་༢ནས་༧བར་ཉིན་གྲངས་དྲུག་གི་རིང་རྒྱུན་ལྡན་ལྟར་དུས་མཆོད་རིག་འཛིན་འདུས་པའི་དབྱར་སྒྲུབ་ཆེན་མོ་ཟབ་རྒྱས་ཚོགས་ཤིང་།

ཕྱི་ཚེས་༩ནས་༡༨བར་ཉིན་གྲངས་བཅུའི་རིང་དུ་སྨིན་གྲོལ་ཚོགས་ཆེན་འདུ་ཁང་ཆེན་མོའི་ནང་༼ཞང་བོད་རིག་གཞུང་འཆད་རྩོད་ཆེན་མོ་༽འཚོགས་ཏེ། ཉིན་དང་པོར་ཁྱུང་པོ་༧རྩེ་དྲུག་དགོན་དུ་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་སུམ་ཅུ་འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཐོག་རྩེ་དྲུག་བསྟན་པའི་བདག་ཉིད་༧བསྟན་འཛིན་འོད་ཟེར་རིན་པོ་ཆེ་ནས་འདུས་གྲྭ་ཡོངས་ལ་སྐབས་བབས་ཀྱི་འཆད་རྩོད་ཆེན་མོའི་ཁ་ཕྱོགས་དང་། འདུས་སྡེ་སྤྱི་ལ་མཐུན་འབྲེལ་དགོས་སྐོར་གྱི་བཀའ་སློབ་ལམ་སྟོན་གནང་ཞིང་།  ༧སློབ་དཔོན་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གིས་ཀྱང་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་རིམ་བཞིན་འཕེལ་རྒྱས་སོང་ཚུལ་སོགས་ངོ་སྤྲོད་ཟབ་རྒྱས་གནང་།  ཉིན་དེ་ནས་བཟུང་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བཤད་གྲྭ་བ་རྣམས་ཕྱི་དྲོར་རེས་མོལ་གྱི་དམ་བཅའ་དང་།  དགོང་མོར་ཐུན་མོང་མཉམ་འཛོམས་ཀྱིས་རྩོད་དང་རྩོད་སྤོང་གིས་དགག་སྒྲུབ་ལེགས་པར་གནང་བ་དང་། ཕྱི་ཚེས་༡༨ཉིན་གྱི་ཕྱི་དྲོར་སྨིན་གྲོལ་ཚོགས་ཁང་ཆེན་མོའི་མདུན་ཐང་འཆམ་ར་ཆེན་མོའི་ནང་དུ་དགག་བཞག་སྤོང་གསུམ་གྱི་དམ་བཅའ་ཆེན་མོ་ཟབ་རྒྱས་ངང་འཚོགས་ཡོད། ད་ལན་གྱི་འཆད་རྩོད་བྱ་ཡུལ་གཙོ་བོའི་གཞུང་ནི་ཐེག་འགྲེལ་མེ་ལོང་དགུ་སྐོར་ལས་རྒྱུ་ཐེག་སྐོར་ཡིན་ལ། ཚོགས་ཞུགས་སུ་བན་བོན་རིས་སུ་མ་ཆད་པའི་བཤད་གྲྭའི་དགེ་སློབ་སྟོང་ཕྲག་ལས་བརྒལ་བ་མཉམ་ཞུགས་གནང་སྟེ།  ང་ཚོའི་ཁོར་ཡུག་གི་དབང་དུ་བྱས་ན་རིག་ལམ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཙམ་མ་ཡིན་པར་ཕན་ཚུན་རྒྱུས་མངའ་དང་འབྲེལ་འདྲིས་ཞི་མཐུན་མཉམ་འཛོམས་ཀྱི་ལེའུ་གསར་པ་ཞིག་ཏུ་ཆགས་ཡོད། ཞོར་དུ་༧སྐྱབས་རྗེ་མཁན་སློབ་གཤེན་གསུམ་གཙོས་བསྟན་འཛིན་སྐྱེས་ཆེན་ཡོངས་ཀྱི་མཛད་འཕྲིན་གེགས་མེད་ལྷུན་གྱིས་འགྲུབ་པ་དང་།  འགྲོ་ཁམས་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་སོགས་ཀྱི་ཆེད་དུ་དམིགས་ནས་སྲིད་རྒྱལ་དྲག་སྔགས་དབལ་མོའི་འབུམ་ཚོགས་རྒྱས་འབུལ་དང་།  བཤད་གྲྭའི་ཚོགས་ཁང་ཆེན་མོའི་ནང་གཤེན་རབ་རྣམ་པར་རྒྱལ་བའི་ཁྲི་མཆོད་དང་། སྒྲུབ་གྲྭའི་ཚོགས་ཁང་དུ་ཁྲོ་བོ་ངོ་མཚར་རྒྱས་པའི་སྲུང་ཟློག་དང་།  གྲྭ་ཚང་གི་ཚོགས་ཁང་ཁྲོ་སྐྱབས་ལྷ་ཁང་ནང་དུ་ཞི་ཁྲོ་དགོངས་པ་ཀུན་འདུས་ཀྱི་ཁྲི་མཆོད་སོགས་རྒྱས་འབུལ་མཛད་ཡོད།

ཕྱི་ཚེས་༡༧ཉིན་དམུ་རིགས་གཤེན་གྱི་གདུང་སྲས་གཡུང་དྲུང་རང་གྲོལ་ཉི་མ་རིན་པོ་ཆེ་མཆོག་དང་གཡུང་དྲུང་གླིང་གི་མཁན་རིན་པོ་ཆེ་དང་སྨན་རིའི་དཔོན་སློབ་ཟུར་པ་སྐལ་བཟང་ཉི་མ་རིན་པོ་ཆེ་མཆོག་རྣམ་པ་གསུམ་གཙོས་པའི་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བླ་སྤྲུལ་བཤེས་གཉེན་བཅུ་ཕྲག་གསུམ་ལས་བརྒལ་བར་ཅང་ཤེས་ཀྱི་རྟ་ཕོ་དང་མགྱོགས་པའི་འཕྲུལ་འཁོར། འདུས་མང་གི་སེར་ཕྲེང་། སྙན་པའི་རོལ་མོ་སོགས་ཀྱིས་སྣ་དྲངས་ཏེ།   སྨིན་གྲོལ་ཚོགས་ཆེན་འདུ་ཁང་ནང་དུ་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་ལ་མངའ་གསོལ་ཞིང་།  གླིང་བཞི་མཁན་སློབ་རྣམ་པ་དབུས་པའི་མང་འདུས་སེམས་དཔའ་རྒྱ་མཚོས་མནྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་མཐར་མཇལ་ཁ་ཞུས། ཕྱི་ཚེས་༡༩ཉིན་ལོ་ལྟར་འཆར་ཅན་གྱི་སྔར་སྲོལ་རྒྱུན་འཆམ་བཅོ་ལྔ་ལྷག་དད་ལྡན་མང་ཚོགས་ལ་གཟིགས་མོར་ཕུལ་བ་དང་།

ཕྱི་ཚེས་༢༠ཉིན་༼དམྱལ་འཆམ་ངན་འགྲོའི་སྒོ་གཅོད་༽དངོས་སུ་དབུ་བཙུགས་ཏེ་དཀར་ནག་ལས་ཀྱི་འཕེན་པ་བཟང་ངན་གཉིས་ལ་ལྟོས་ཏེ་ལས་ངན་པ་བསགས་པའི་ཚེ་འདས་རྣམས་ངན་འགྲོ་རུ་ལྟུང་བ་དང་། ལས་བཟང་པོ་བསགས་པའི་ཚེ་འདས་རྣམས་དག་པའི་བདེ་ཆེན་གྱི་ཞིང་དུ་སྐྱེ་བ་སོགས་ཀྱི་རྣམ་པ་མཚོན་པའི་གར་འཆམ་སྡེ་ཚན་མི་འདྲ་བ་བཅུ་སྟེ།  བླ་མ་ཆོས་ཡོད་ཆོས་མེད་གཉིས། གྲྭ་པ་ཆོས་ཡོད་ཆོས་མེད་གཉིས། དཔོན་པོ་ཆོས་ཡོད་ཆོས་མེད་གཉིས། སྐྱེས་པ་ཆོས་ཡོད་ཆོས་མེད་གཉིས། བུད་མེད་ཆོས་ཡོད་ཆོས་མེད་གཉིས་བཅས་ཁྱོན་ཚེ་འདས་མི་གྲངས་བཅུའི་འཁྲབ་ཚན་ལེགས་པར་གྲུབ་རྗེས།

ཕྱི་ཚེས་༢༡ཉིན་སྔར་གྱི་ཚུལ་སྟོན་པའི་བོན་མེད་ངན་འགྲོར་ལྟུང་བའི་སྡིག་ཅན་ལྔ་པོ་རྣམས་གཙོས་མ་དག་འཁོར་བར་འཁྱམས་པའི་སེམས་ཅན་ཐམས་ཅད་རྫོགས་བྱང་འཐོབ་པའི་ཕྱིར་དུ་༧དམུ་རིགས་གཤེན་གྱི་གདུང་སྲས་གཡུང་དྲུང་རང་གྲོལ་ཉི་མ་རིན་པོ་ཆེ་དབུ་བཞུགས་ཐོག་བླ་སྤྲུལ་བཅུ་ཕྲག་ལྷག་གིས་ཞི་ཁྲོའི་གནས་འདྲེན་བྱང་ཆོག་གི་གཞུང་བསྲང་ཞིང་བླ་གླུད་གཤེད་ཕྲལ་གྱི་གར་འཆམ་དང་སྦྲགས་བླ་མའི་ཐུགས་རྗེ་དང་། ཚེ་འདས་ཀྱི་དད་ཤུགས།  སངས་རྒྱས་ཀྱི་བཀའ་བདེན་པ་སོགས་ལ་བརྟེན་ནས་ཁམས་གསུམ་འཁོར་བའི་ས་ནས་གཡུང་དྲུང་ཐེག་པའི་ས་རུ་ས་བཅུ་གནམ་ཟམ་ཐོག་རིམ་པར་བགྲོད་ཚུལ་ཀྱི་མཐར་འཁོར་གསུམ་དམིགས་མེད་ཀྱི་ལ་བཟླ་སྤར་ཆོག་དང་བྱང་བཞུ་སོགས་མཛད་ཅིང་སྐུ་གསུམ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྟེན་འབྲེལ་དང་རྣམ་པ་མཚོན་པའི་ཞི་ཁྲོའི་གནས་འདྲེན་རྒྱས་པར་མཛད་ཡོད།

ཕྱི་ཚེས་༢༢ཉིན་དམུ་རིགས་གཤེན་གྱི་གདུང་སྲས་གཡུང་དྲུང་རང་གྲོལ་ཉི་མ་རིན་པོ་ཆེ་དབུ་བཞུགས་ཐོག་བླ་མ་དགེ་བཤེས་བརྒྱ་ཕྲག་ལས་བརྒལ་བས་དད་ལྡན་མཇལ་སྐོར་བ་འབུམ་ཕྲག་མ་ཟིན་ཙམ་ལ་བཀའ་དབང་ཟབ་མོ་བསྐུར་ཞིང་། ཁ་ལ་རག་ཆོག་གི་བདུད་རྩི་སྨན་གྱི་སྦྱིན་པ་རྒྱ་ཆེར་བཀྱེས། ཕྱི་ཚེས་༢༣ཉིན་གྱི་སྔ་དྲོར་སྨིན་གྲོལ་ཚོགས་ཆེན་འདུ་ཁང་ཆེན་མོའི་མདུན་དུ་བླ་སྤྲུལ་བཤེས་གཉེན་དགེ་འདུན་རྣམས་མཉམ་འཛོམས་ཀྱིས་ཁྲོ་བོའི་རྗེས་བྱ་བཀྲ་ཤིས་ཀྱི་མཛད་སྒོའི་ཞལ་ཕྱེས་ཏེ། གྲྭ་མང་དགེ་འདུན་སེམས་དཔའ་རྒྱ་མཚོ་རེ་རེའི་ཕྱག་ཏུ་སྒྲུབ་བའི་གཏང་རག་གི་ཚུལ་དུ་སྨན་དང་།  ཤོག་དངུལ།  བཀྲ་ཤིས་པའི་ཁ་བཏགས།  སྤོས་སོགས་ཕུལ་ཏེ། མདོར་ན་ད་ལན་མཛད་སྒོ་ཆེན་མོ་འདིའི་འགོ་མཇུག་བར་གསུམ་དུ་གོང་གི་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་དང་། རྩེ་དྲུག་དགོན་གྱི་བསྟན་བདག་བླ་མ་རྣམ་གཉིས་དེ་བཞིན་རྩེ་དྲུག་བསྟན་པའི་གསལ་བྱེད་མཁན་སློབ་རྣམ་བཞི།  སྟངས་འཛིན་གྱི་གཞུང་ལས་རྣམ་པ།  གནས་སྐབས་ཀྱི་ལས་སྣེ་རྣམ་པ།  སྟ་གོན་གྱི་གོ་སྒྲིག་ཚོགས་ཆུང་། དགེ་ཚོགས་སུ་གཏོང་ཕོད་ཆེ་བའི་སྦྱིན་བདག་རྣམ་པ་བཅས་ཀྱི་ཕྱར་གྲུ་མཉམ་འདེགས་ཀྱི་མཐུ་དཔུང་སྡོང་གྲོགས་གནང་བའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ཁ་དགེ་བཀྲ་ཤིས་ཞི་བདེ་བག་དྲོའི་ངང་འགོ་མཇུག་ཡོངས་སུ་ཚང་བ་ལེགས་པར་གྲུབ་བ་ནི་ང་ཚོ་ཐུན་མོང་ནས་མི་ཚེ་གཅིག་ནང་བྱ་བ་བཟང་པོ་འདི་ལྟ་བུར་ཐེངས་གཅིག་བསགས་པའི་གོ་སྐབས་རག་སོང་སྙམ་པའི་དགའ་སྤྲོ་དང་བཅས་གང་ཞིག་མཆིས་པའི་དགེ་རྩ་རྣམས་འགྲོ་ཁམས་ཡོངས་ཀྱི་བདེ་བའི་གསོས་སུ་འགྱུར་བའི་སྨོན་ལམ་དང་བཅས།

༧དཔལ་གཤེན་བསྟན་ཁྱུང་པོ་རི་བོ་༧རྩེ་དྲུག་དགོན་གྱི་སྒྲུབ་ཆེན་གོ་སྒྲིག་ཚོགས་པ་ནས་༢༠༡༧།༠༧།༢༣ ཉིན་སྤེལ།

གཡུང་དྲུང་བོན་དྲ་བ་ལས་དྲངས།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།