མདོ་སྨད་རེབ་གོང་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་ནས་རྒྱལ་བ་སྨན་རི་ཚང་ལ་ཕུལ་བའི་གདུང་མཆོད།

མདོ་སྨད་རེབ་གོང་བོན་བརྒྱ་དགོན་པ་ནས་རྒྱལ་བ་སྨན་རི་ཚང་ལ་ཕུལ་བའི་གདུང་མཆོད་དད་པ་རྒྱ་མཚོའི་རླབས་འཕྲེང་།

རྩོམ་པ་པོ།  བོན་ནག་ཚང་ཡེ་ཤེས་བློ་གྲོས།    རྩོམ་ཁུངས།  རེབ་གོང་བོན་མང་དྲ་བ།

 

ཨེ་མ་ཧོ།
རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི།།
མཁྱེན་བརྩེའི་ཡེ་ཤེས་ངོ་བོ་གཅིག་བསྡུས་པ།།
ཟབ་རྒྱས་གཤེན་བསྟན་སྤེལ་བའི་འཕྲིན་ལས་ཅན།།
ལུང་རྟོགས་བསྟན་པའི་ཉི་མར་གསོལ་བ་འདེབས།།

དེ་ཡང་ཇི་སྐད་དུ། དཀར་པོ་སུམ་སྦྱོར་ལས། བླ་མ་སངས་རྒྱས་བླ་མ་བོན།། དེ་བཞིན་བླ་མ་སེམས་དཔའ་སྟེ།། ཀུན་གྱི་བྱེད་པོ་བླ་མ་ཡིན།། ཞེས་གསུངས་པའི་ང་ཚོའི་བླ་མ་དམ་པ། ང་ཚོ་བོན་འབངས་ཡོངས་ཀྱི་སྐྱབས་དང་དཔུང་གཉེན་གཅིག་པུ་རྒྱལ་བ་སྨན་རི་ཚང་གི་གསེར་ཞལ་ཉི་མ་གཞོན་ནུ་ནུབ་རིའི་ཕག་ཏུ་ཡིབ་པས་ང་ཚོ་བོན་འབངས་ཡོངས་སྡུག་བསྔལ་གྱི་མཚོ་ངོགས་སུ་སྐྱོམས་ན་ཡང་དྲིན་ལྡན་བླ་མ་དམ་པས་རྟག་འཛིན་ཅན་སུན་འབྱིན་པའི་ཕྱིར་དུ་མཛད་བསྟོད་ལས།རྒྱལ་བའི་མཆོག་ལ་སྐྱེ་འཆི་མི་མངའ་ཡང་།། རྟག་པར་འཛིན་རྣམ་སུན་ཕྱུང་དགེ་བསྐུལ་ཕྱིར།། མི་རྟག་ཚུལ་བསྟན་དགོངས་པ་མྱ་ངན་འདས།། བདེ་ཆེན་དབྱིངས་གཤེགས་མཛད་ལ་ཕྱག་འཚལ་ལོ།། ཞེས་གསུང་བ་བཞིན་ཁ་སང་ཕྱི་དྲོའི་ཆུ་ཚོད་དྲུག་པའི་སྟེང་རྗེ་བླ་མ་དགོངས་པ་བོན་དབྱིངས་སུ་གཤེགས་པ་ཐོས་ནས་དེ་རིང་ང་ཚོ་བོན་བརྒྱ་དགོན་པའི་བླ་གྲྭ་ཡོངས་ཀྱིས་བླ་མ་ཚེ་དབང་རིག་འཛིན་གྱི་ཚོགས་འཁོར་རྒྱ་ཆེན་པོ་ཕུལ་བ་ནི་ལྟ་བ་ཁྱུང་ཆེན་ལས། སེར་སྣ་མེད་པའི་ལོངས་སྤྱོད་ཀྱིས།། དཔོན་གསས་བླ་མ་མཆོད་གྱུར་ན།། སངས་རྒྱས་ཐམས་ཅད་མཆོད་པ་ཡིན།། ཞེས་དང་། བླ་མ་ལྷའི་ཞལ་ནས། ཀུན་ནས་བླ་མ་མཉེས་བྱེད་བྱེད་པ།། བསོད་ནམས་ཚོགས་ཀྱི་མཐར་ཐུག་ཡིན།། ཞེས་རྣམ་དཀར་གྱི་གདུང་མཆོད་རྒྱ་ཆེན་པོ་སྒྲུབ།

དོ་ནུབ་ཀྱང་བླ་གྲྭ་ཡོངས་ཀྱིས་དད་གུས་ཀྱི་གདུང་བ་སེམས་སུ་བཏེགས་ཤིང་གླིང་མེ་མཆོད་པ་གྲངས་སུ་བསགས་ནས་གསོལ་འདེབས་ཀྱི་ཚིག་ཕྲེང་གདུང་བས་བརྗོད་པ་ནི་དེ་ཡང་ཇི་སྐད་དུ། མར་ཁུ་རྒྱ་མཚོ་ཡོངས་སུ་འཁྱིལ་པའི་དབུས།། ཕུན་ཚོགས་འོད་སྟོང་མཛེས་པའི་སྒྲོན་མེ་འདིས།། མུན་པའི་བསྐལ་བ་མ་ལུས་སེལ་མཛད་ཅིང་།། འགྲོ་རྣམས་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག། ཅེས་བླ་མ་དམ་པའི་བྱིན་རླབས་དང་དགེ་སྒྲུབ་བཟང་པོའི་མཐུ་སྟོབས་ཀྱིས་འགྲོ་རྣམས་བདེ་ཆེན་གྱི་ས་ལ་འདྲེན་པའི་སྨོན་པ་དག་སྣང་རྒྱ་མཚོའི་ཀློང་ན་སྐྱོམ་བཞིན་ཡོད།

ཀྱེ་ཀྱེ། བོན་འབངས་ཡོངས་ཀྱི་སྐྱབས་མགོན་ལགས། བྱམས་སྙིང་རྗེ་ཡི་སྤྱན་གྱིས་རྟག་ཏུ་གཟིགས་རོགས། ང་ཚོའི་དད་གུས་ཀྱི་ལྷ་དར་རིང་མོ་ཁྱེད་ལ་སྲིང་ནས་ཡོད། སྨན་རི་བ། བྱམས་སྙིང་གི་སྤྱན་གྱིས་རྟག་ཏུ་གཟིགས་རོགས།

             

༢༠༡༧/༩/༡༥ མཚན་མོར་རང་དགོན་བོན་བརྒྱ་སྨན་རིའི་གླིང་ནས་བོན་ནག་ཚང་ཡེ་ཤེས་བློ་གྲོས་ནས་དད་གུས་ཀྱིས་བྲིས།

 

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།